དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
ཞི་ཅིན་ཕིང་གིས་ཀྲུང་གོ་ངལ་རྩོལ་འབྲེལ་བ་སློབ་གླིང་ངལ་རྩོལ་དཔེ་བཟང་གི་དངོས་གཞིའི་ཚན་ཁག་འཛིན་གྲྭའི་སློབ་མར་འཕྲིན་ལན་སྤྲིངས་ནས་སྐུལ་མ་བཏང་གནང་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-05-03 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 6742

གཟི་བརྗིད་ལ་གཅེས་འཛིན་དང་། སློབ་སྦྱོང་ལ་འབད་བརྩོན། མུ་མཐུད་འབད་འཐབ། གྲུབ་འབྲས་གསར་པ་སླར་ཡང་གཏོད་པ་བཅས་བྱས་ཏེ་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་དུས་རབས་གསར་པའི་འབད་འཐབ་མཁན་བྱ་རྒྱུའི་སྐུལ་ལྕག་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་30ཉིན་གློག་འཕྲིན་འབྱོར་གསལ།“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་ངལ་རྩོལ་འབྲེལ་བ་སློབ་གླིང་ངལ་རྩོལ་དཔེ་བཟང་བའི་དངོས་གཞིའི་ཚན་ཁག་འཛིན་གྲྭའི་སློབ་མར་འཕྲིན་ལན་སྤྲིངས་ནས།ཁོང་ཚོ་དང་དེ་བཞིན་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ཡོངས་རྫོགས་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་པར་དུས་ཆེན་གྱི་འཚམས་འདྲི་ཞུས་གནང་བ་རེད།

        ཞི་ཅིན་ཕིང་གི་འཕྲིན་ལན་ནང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཁྱེད་ཚོས་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བས།ངལ་རྩོལ་དཔེ་བཟང་བར་བདམས་པ་རེད།ད་ཆ་སློབ་སྦྱོང་དང་ཟབ་སྦྱོང་བྱེད་པ་ནི་ཚང་མས་དཀའ་སྤྱད་འབད་བརྩོན་དང་། སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་བྱས་པ་ཞིག་རེད་ལ།ཏང་དང་རྒྱལ་ཁབ་ཀྱིས་ངལ་རྩོལ་པར་ཐུགས་ཁུར་བྱས་པ་ཞིག་ཀྱང་རེད་ཅེས་འཁོད་ཡོད།

        ཞི་ཅིན་ཕིང་གིས་སྤྱི་ཚོགས་རིང་ལུགས་ནི་འབད་འཐབ་བྱས་ནས་བྱུང་བ་ཞིག་རེད་ལ། དུས་རབས་གསར་པ་ཡང་འབད་འཐབ་བྱས་ནས་བྱུང་བ་ཞིག་རེད། དེར་བརྟེན། ཁྱེད་ཚོས་གཟི་བརྗིད་ལ་གཅེས་སྤྲས་དང་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་རང་འཁྲིའི་ལས་གནས་སུ་མུ་མཐུད་འབད་འཐབ་དང་སླར་ཡང་གྲུབ་འབྲས་གསར་པ་གཏོད་དགོས་པ་མ་ཟད། ཁྱེད་ཚོའི་ཧུར་སེམས་དང་ངར་ཤུགས་སོགས་ཀྱིས་མི་སྔར་བས་མང་བར་སྐུལ་མ་བཏང་ནས། རྒྱ་ཆེའི་ངལ་རྩོལ་མང་ཚོགས་རྣམས་ལ་དུས་རབས་གསར་པའི་འབད་འཐབ་མཁན་བྱེད་པར་སྐུལ་ལྕག་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

        ཞི་ཅིན་ཕིང་གིས་ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་དང་། ཆེས་བླ་ན་མེད་པ། རླབས་ཆེ་ཤོས། ཆེས་མཛེས་སྡུག་ལྡན་པ་བཅས་རེད། སྤྱི་ཚོགས་ཡོངས་ཀྱིས་ངལ་རྩོལ་དཔེ་བཟང་བར་བརྩི་བཀུར་དང་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དར་སྤེལ་བཏང་ནས། གཞུང་དྲང་ངལ་རྩོལ་དང་ལས་ཀ་ཧུར་ཐག་བྱེད་པའི་དར་སྲོལ་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ངལ་རྩོལ་དཔེ་བཟང་བར་མཐོ་རིམ་སློབ་གསོ་དང་ལེན་གྱི་གོ་སྐབས་མང་པོ་སྤྲོད་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱིས་ངལ་རྩོལ་དཔེ་བཟང་བའི་ཚོགས་སྤྱིར་ཐུགས་ཁུར་དང་གཟིགས་སྐྱོང་གནང་བ་ཞིག་རེད།1992ལོར་ཀྲུང་གོ་ངལ་རྩོལ་འབྲེལ་བ་སློབ་གླིང་གིས་ངལ་རྩོལ་དཔེ་བཟང་བའི་དངོས་གཞིའི་ཚན་ཁག་འཛིན་གྲྭ་བཙུགས་པ་དང་། སློབ་མ་གཙོ་བོ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་། རྒྱལ་ཡོངས་ཀྱི“ལྔ་གཅིག་ངལ་རྩོལ་གཟེངས་རྟགས”ཐོབ་མཁན། རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ་བཅས་རེད། ཉེ་ཆར། སློབ་གྲྭ་དེ་གའི་ངལ་རྩོལ་དཔེ་བཟང་བའི་དངོས་གཞིའི་ཚན་ཁག་འཛིན་གྲྭའི་སློབ་མ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱས་པའི་མྱོང་ཚོར་སྙན་སེང་ཞུས་ཏེ། བདག་པོའི་སྙིང་སྟོབས་མངོན་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་

པའི་ཆོད་སེམས་མཚོན་པར་བྱས་པ་རེད།

 

རྩོམ་སྒྲིག་པ། (པདྨ་མཚོ།)