རང་རྒྱལ་གྱིས་བྱིས་པ་དབང་པོ་སྐྱོན་ཅན་དྲག་སྐྱེས་སྐྱོབ་རོགས་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་རེད།
དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
རང་རྒྱལ་གྱིས་བྱིས་པ་དབང་པོ་སྐྱོན་ཅན་དྲག་སྐྱེས་སྐྱོབ་རོགས་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་རེད།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-06-04 རྩོམ་ཁུངས། གངས་ལྗོངས་ཉི་གཞོན། ཀློག་གྲངས། 2175


       རང་རྒྱལ་གྱིས་འདི་ལོའི་སྤྱི་ཟླ་10པའི་ཚེས་1ཉིན་ནས་བཟུང་བྱིས་པ་དབང་པོ་སྐྱོན་ཅན་དྲག་སྐྱེས་སྐྱོབ་རོགས་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་ཡིན་པ་དང་།ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་གཞོན་པ་ཅ་ཡུང་གིས་སྤྱི་ཟླ་6པའི་ཚེས་1ཉིན་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།

           ཅ་ཡུང་གིས་ངོ་སྤྲོད་གནང་བར།བསམ་འཆར་ནང་གཏན་འབེབས་བྱས་པའི་སྐྱོབ་རོགས་བྱ་ཡུལ་གྱི་ཁྱབ་ཁོངས་ནི་ཆ་རྐྱེན་དང་མཐུན་པའི་ལོ་དྲུག་མན་ཆད་ཀྱི་མིག་ཤེད་དང་།ཐོས་ནུས། སྐད་ཆ། རྐང་ལག རིག་ནུས་སོགས་ཀྱི་ཐད་དབང་པ་སྐྱོན་ཅན་ཡིན་པའི་བྱིས་པ་དང་ཁེར་རྐྱང་ནད་ཕོག་པའི་བྱིས་པ་ཡིན་པ་རེད།ཅ་ཡུང་གིས། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བྱིས་པ་དབང་པོ་སྐྱོན་ཅན་དང་། བྱིས་པའི་ཕན་བདེ་ལས་ཁུངས་ཀྱིས་གསོ་ཉར་བྱས་པའི་བྱིས་པ་དབང་པོ་སྐྱོན་ཅན།དེ་བཞིན་དྭ་ཕྲུག་དབང་པོ་སྐྱོན་ཅན་སོགས་སྐྱོབ་རོགས་བྱ་ཡུལ་གཙོ་བོ་ཡིན། བྱིས་པ་དབང་པོ་སྐྱོན་ཅན་དྲག་སྐྱེས་སྐྱོབ་རོགས་ལས་དོན་ནི་མི་དམངས་སྲིད་གཞུང་གིས་འགན་འཁྲི་ཁུར་བའི་ལམ་ལུགས་ལག་བསྟར་བྱ་རྒྱུ་དང་།འགྲོ་གྲོན་ནི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་སྲིད་གཞུང་གི་སྔོན་རྩིས་ནང་འཇུག་པ་དང་ཀྲུང་དབྱང་ནོར་སྲིད་ནས་ས་གནས་ཁག་ལ་ཁ་གསབ་འོས་འཚམ་བྱ་རྒྱུ།དེ་དང་ཆབས་ཅིག་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ས་གནས་དེ་གའི་དོན་དངོས་ལ་གཞིགས་ནས་སྐྱོབ་རོགས་ནང་དོན་དང་ཚད་གཞི་གཏན་འཁེལ་བྱ་རྒྱུ།ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་སྐྱོབ་རོགས་བྱ་ཡུལ་གྱི་ཁྱབ་ཁོངས་འོས་འཚམ་ངང་ཆེ་རུ་གཏོང་རྒྱུར་སྐུལ་མ་གཏོང་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།

           བྱིས་པ་དབང་པོ་སྐྱོན་ཅན་དྲག་སྐྱེས་སྐྱོབ་རོགས་ཀྱི་ནང་དོན་གཙོ་བོ་ནི་བྱེད་ལས་ལ་བཀག་རྒྱ་ཐེབས་ཚད་ཆུང་དུ་གཏོང་རྒྱུ་དང་།བྱེད་ལས་ཀྱི་གནས་བབ་ལེགས་སུ་གཏོང་རྒྱུ། འཚོ་བ་རང་རྐྱ་འཕེར་བ་དང་སྤྱི་ཚོགས་ནང་ཐེ་ཞུགས་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་ཀྱིས་དམིགས་ཡུལ་གཙོ་བོ་བྱེད་པའི་གཞི་རྩའི་དྲག་སྐྱེས་ཞབས་ཞུ་ཡིན་པ་རེད།ཅ་ཡུང་གིས། དཔེར་ན། རྣ་བའི་ཐོས་ནུས་སྐྱོན་ཅན་གྱི་བྱིས་པར་མི་བཟོས་རྣ་བའི་དུང་འཁྱིལ་འཇུག་པ་དང་།ཉན་ཕན་ཡོ་བྱད་བཏགས་པ། དེ་བཞིན་ཐོས་ནུས་དང་སྐད་ཆ་ཤོད་པའི་ནུས་པ་སྦྱོང་བརྡར་བྱ་རྒྱུ།རྐང་ལག་སྐྱོན་ཅན་ཡིན་པའི་བྱིས་པར་བསྲང་བཅོས་བཤགས་བཅོས་དང་། གཞོགས་འདེགས་ཡོ་བྱད་སྤྲད་པ།དེ་བཞིན་ནུས་པའི་སྦྱོང་བརྡར་བྱེད་པ། རིག་ནུས་སྐྱོན་ཅན་གྱི་བྱིས་པར་ཤེས་རྟོགས་ནུས་པ་དང་འཚོ་བ་རང་རྐྱ་འཕེར་བའི་ནུས་པ་སོགས་སྦྱོང་བརྡར་བྱ་རྒྱུ།ཁེར་རྐྱང་ནད་ཕོག་པའི་བྱིས་པར་སྐད་ཆ་ཤོད་པའི་ནུས་པ་དང་སྤྱི་ཚོགས་འབྲེལ་གཏུག་ནུས་པ་སོགས་སྦྱོང་བརྡར་བྱ་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།


རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)