སྐྲན་ནད་ཕོག་སླ་བའི་གོམས་གཤིས་ལྔ།
དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
སྐྲན་ནད་ཕོག་སླ་བའི་གོམས་གཤིས་ལྔ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-06-04 རྩོམ་ཁུངས། གསོ་རིག་རྒྱུན་ཤེས་འཕྲིན་སྟེགས། ཀློག་གྲངས། 113

       ཁྱེད་ལ་ཉིན་ལྟར་ལས་ཀ་འགྲོལ་སྐབས་ལུས་སྦྱོང་བྱེད་པར་འགྲོ་བའི་བསམ་བློ་ཡོད།འོན་ཀྱང་ཁྱིམ་དུ་ལོག་ནས་རྐུབ་བཀྱག་གི་སྟེང་དུ་བསྡད་དེ་སྐད་འཕྲིན་གྱི་གྲོགས་ཚོགས་ཁ་ཕྱེ་ནས་རྦད་དེ་མགོ་འཁོར་གྱི་ཡོད།

       ཡང་ཁྱེད་ཀྱིས་ཉིན་ལྟར་རིན་གོང་མཐོ་ཤོས་ཀྱི་ངོ་ཤོག་སྦྱར་ནས་ངོ་གདོང་དཀར་པོར་འགྱུར་ཐབས་བྱེད་ཀྱི་ཡོད།འོན་ཀྱང་མཚན་མོ་གཉིད་མ་ཁུག་པར་ལྟད་མོ་ལྟ་བ་སོགས་ལ་མགོ་འཁོར་ནས་སྡོད་ཀྱི་ཡོད། དེ་དང་དེ་འདྲ་བའི་གནས་ཚུལ་ང་ཚོའི་ཉེ་འགྲམ་དུ་ཧ་ཅང་མང་པོ་ཡོད།

       གལ་ཏེ་ཁྱེད་ཀྱིས་གཟུགས་པོར་བདག་གཅེས་མ་གནང་ན་ནམ་ཞིག་འགྱོད་པ་སྐྱེ་སྐབས་དངོས་གནས་ཕྱི་དྲགས་པ་རེད།  

       གཤམ་ལ་ང་ཚོ་མཉམ་དུ་རིགས་གཅིག་མཁས་ཅན་གྱིས་བཤད་པའི་སྐྲན་ནད་ཕོག་སླ་བའི་གོམས་གཤིས་གང་དག་ཡོད་མེད་གཟིགས་པར་ཕེབས་དང་།  


      དང་པོ། ཡུན་རིང་ཙོག་བུར་སྡོད་པ་དང་ལུས་སྦྱོང་ལ་མི་དགའ་མཁན།

       མི་མང་པོ་ཞིག་གིས་གཞུང་ལས་ཁང་དུ་ཉི་མ་ཉིན་གང་ལས་ཀ་བྱས་ནས་སྡོད་པ་དང་།ནང་དུ་ལོག་རྗེས་གདན་ལ་འཁོད་ནས་འགུལ་སྐྱོད་གཏན་ནས་བྱེད་ཀྱི་མེད། འོན་ཀྱང་དེ་རིགས་ནི་སྐྲན་ནད་ཕོག་སླ་བའི་གོམས་གཤིས་ཀྱི་གྲས་ཤིག་རེད།གང་ཡིན་ཞེ་ན། ཡུན་རིང་ཙོག་བུར་བསྡད་ནས་འགུལ་སྐྱོད་མ་བྱས་ན་ལུས་པོའི་རིམས་འགོག་ཕྲ་ཕུང་ཉུང་དུ་ཕྱིན་ནས་རྒྱུ་སྐྲན་དང་།ཕོ་སྐྲན། ཕོ་རྨེན་གྱི་སྐྲན་སོགས་ཕོག་སླ་རུ་འགྲོ་གི་ཡོད།


       གཉིས་པ། ཐ་མག་འཐེན་པ་དང་སྐྱུར་དད་ཆེ་བ།

       ཐ་མག་འཐེན་དྲགས་པ་དང་ཆང་རག་བཏུངས་དྲགས་ན་ནད་ཕོག་སླ་པོ་ཡོད།གློ་བའི་ངན་སྐྲན་80%ཙམ་ནི་ཡུན་རིང་ཐ་མག་འཐེན་པའམ་ཡང་ན་ཐ་མག་འཐེན་མཁན་གྱི་དུ་བ་བརྔུབས་པའི་རྐྱེན་གྱིས་ཕོག་པ་དང་།ཡུན་རིང་ཆང་རག་བཏུངས་དྲགས་ན་མཆིན་པར་གནོན་ཤུགས་སླེབས་ནས་སྐྲན་ནད་རིགས་མང་པོ་དང་ལྷག་པར་དུ་མཆིན་པའི་སྐྲན་ནད་ཕོག་གི་ཡོད།


       གསུམ་པ། མཚན་འཁྱོངས་ཡུན་རིང་བྱེད་མཁན།

       དེང་སང་གཞོན་ནུ་མང་པོ་ལས་ཀ་བྱེད་པ་དང་། ཨར་ཁང་དུ་འགྲོ་བ།རྩེད་འཇོར་རོལ་བ་སོགས་དབང་གིས་མཚན་འཁྱོངས་མང་པོ་བྱས་ནས་སྡོད་ཀྱི་ཡོད། མཚན་འཁྱོངས་བྱས་ན་མིའི་ལུས་པོའི་རིམས་འགོག་ནུས་པར་གཏོར་བཤིག་ཕོག་ནས་སྐྲན་ནད་རིགས་མང་པོ་ཕོག་གི་ཡོད།


      བཞི་པ། ལྟོ་ཆས་གང་བྱུང་ཟ་མཁན།

       མི་ཚོའི་འཚོ་བ་ལེགས་སུ་ཕྱིན་པ་ལས་བཟའ་བཏུང་གི་གོམས་གཤིས་ལའང་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད།བཟའ་ཆས་ཡག་སྒྲུག་རྒྱག་པ་དང་། བཟས་དྲགས་པ། ཟ་ཚོད་བྱེད་པ། ཤའི་རིགས་མང་པོ་ཟ་བ། ཤིང་ཏོག་དང་སྔོ་ཚལ་ཕྲན་བུ་ལས་མི་བཟའ་བ་སོགས་བཟའ་བཏུང་གི་གོམས་གཤིས་ཡག་པོ་མེད་པའི་རྐྱེན་གྱིས་འཇུ་ལམ་གྱི་སྐྲན་ནད་ཕོག་ཚད་མང་དུ་འགྲོ་གི་ཡོད།


      ལྔ་པ། ལས་ཀའི་གནོན་ཤུགས་ཆེན་པོ་ཡོད་མཁན།

       བསམ་པའི་གནོན་ཤུགས་ཆེན་པོ་ཡོད་ན་ལུས་པོའི་ཕྲ་ཕུང་གི་དོ་སྙོམས་ལ་འགྱུར་བ་བྱུང་བ་དང་རིམས་འགོག་ནུས་པ་ཡང་ཞན་དུ་འགྲོ་ཡི་ཡོད།གལ་ཏེ་ལུས་པོར་སྐྲན་གྱི་རྒྱུ་ཡོད་ན་རིམས་འགོག་ནུས་པ་ཞན་དུ་འགྲོ་སྐབས་སྐྲན་གྱི་རྒྱུ་དེ་དག་སྐྲན་ནད་དུ་འགྱུར་སླ་པོ་ཡོད།


རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)