ཆོས་དབྱིངས་སྐྱིད་ཀྱིས་སླར་ཡང་ཨང་དང་པོ་བླངས་པ།
དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
ཆོས་དབྱིངས་སྐྱིད་ཀྱིས་སླར་ཡང་ཨང་དང་པོ་བླངས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-06-06 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 1341


       ཟླ་6ཚེས་2ཉིན། རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་འགྲོ་རྩལ་འགྲན་སློང་འགྲན་བསྡུར་སི་ཕེན་ལ་ཁེ་ལུ་ནི་ཡ་ས་ཚིགས་ཀྱི་བུད་མེད་ཀྱི་སྤྱི་ལེ་20ཡི་འགྲན་བསྡུར་ཁྲོད།མཚོ་སྔོན་ཞིང་ཆེན་གྱི་འགྲོ་རྩལ་འགྲན་བསྡུར་གྱི་གྲགས་ཅན་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་ཆུ་ཚོད་1དང་སྐར་མ་26དང་སྐར་ཆ་28ཀྱི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་ཡོད།འདི་ཁོ་མོའི་དུས་ཚིགས་འདིའི་འགྲན་བསྡུར་ཁྲོད་མི་སྒེར་གྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད།གསར་འགོད་པས་ཟླ་6ཚེས་4ཉིན་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུད་ནས་ཤེས་རྟོགས་བྱུང་བར་གཞིགས་ན།མུ་མཐུད་ཁོ་མོས་སྒོ་ཀུན་ནས་ཟླ་8པར་འཚོགས་པའི་ཅ་ཁར་ཐ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱ་རྒྱུ་ཡིན་པ་རེད།

       འགྲན་བསྡུར་འདིའི་ཁྲོད་དུ་ཆོས་དབྱིངས་སྐྱིད་ཀྱིས་སྔོན་ཆད་ཚོད་ལྟ་བྱ་མ་མྱོང་པའི་འགྲན་བསྡུར་འཐབ་རྩལ་སྤྱད་ཡོད།ཁོ་མོས་འགོ་ཚུགས་ནས་སྤྱི་ལེ་2ཀྱི་རྗེས་མགྱོགས་སུ་བཏང་ནས་གཞན་རྣམས་རྒྱབ་དུ་བསྐྱུར་ནས་གཅིག་པུ་མདུན་དུ་བསྐྱོད།གལ་ཏེ་ནུས་པ་དང་རང་ལ་ཡིད་ཆེས་འདང་ངེས་ཤིག་མེད་ན། འཐབ་རྩལ་འདི་ལྟ་བུ་ནི་ཆེས་ཉེན་ཁ་ལྡན་པ་ཞིག་རེད།འོན་ཀྱང་ཤེས་གསལ་ལྟར་ཆོས་དབྱིངས་སྐྱིད་ཀྱིས་རང་ཉིད་ལ་འདི་ལྟ་བུའི་ནུས་པ་ལྡན་པ་ཡིད་ཆེས་ཡོད།དེར་བརྟེན་འགྲན་སྡུར་གྱི་ཐོག་མའི་དུས་ནས་ཁོ་མོས་གཅིག་པུར་མདུན་དུ་བསྐྱོད་པའི་ལེགས་ཆ་རྒྱུན་མ་ཆད་པར་གོང་གི་སྤྱི་ལེ་5་ལ་དུས་ཚོད་སྐར་མ་21དང་སྐར་ཆ་36གྱི་ཐོག་ནས་ཨང་གཉིས་པ་དང་སྐར་ཆ་46གི་ཁྱད་པར་ཡོད།རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་ཕྱོགས་དྲ་བས་ཆོས་དབྱིངས་སྐྱིད་ཀྱིས་གནད་ལ་འཁེལ་བའི་དུས་ཚོད་ལ་བསྔགས་བརྗོད་བྱས་ཡོད།ཁོ་མོས་གོང་གི་ལམ་ཕྱེད་ཀྱི་སྤྱི་ལེ་རེར་དུས་ཚོད་སྐར་མ་4དང་སྐར་ཆ་20ཡི་ཡས་མས་སུ་ཚོད་འཛིན་བྱས་ནས།ཆོས་དབྱིངས་སྐྱིད་ཀྱིས་དུས་ཚོད་སྐར་མ་43དང་སྐར་ཆ་10ཡིས་གོང་གི་ལམ་ཕྱེད་ཀྱི་འགྲན་བསྡུར་ལེགས་གྲུབ་བྱས་ཡོད།རྗེས་ཀྱི་གི་ལམ་ཕྱེད་ཁྲོད་འགྲན་ཞུགས་པ་ཐ་ཁ་ཆི་སིས་གཅིག་པོར་མདུན་དུ་རྒྱུག་ནས་ཆོས་དབྱིངས་སྐྱིད་རྗེས་རྙེག་པར་བྱས་ཀྱང་མི་གཉིས་བར་ཧེ་བག་ཧ་ཅང་ཆེན་པོ་ཤོར་བས་རྗེས་སྙེག་མ་ཐུབ།

       མཇུག་མཐར་ཆོས་དབྱིངས་སྐྱིད་ཀྱིས་ཆུ་ཚོད་1དང་སྐར་མ་26དང་སྐར་ཆ་28ཀྱི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས་ནས་འགྲན་བསྡུར་གོང་གི་ཆུ་ཚོད་1དང་སྐར་མ་27གྱི་དམིགས་ཡུལ་ལས་བརྒལ་ཐུབ་པར་བྱུང་བ་དང་།འདི་ལོའི་ཁོ་མོའི་མི་སྒེར་གྱི་གྲུབ་འབྲས་ཡག་ཤོས་དང་རྒྱལ་སྤྱིའི་མི་སྒེར་གྱི་ཨང་གཉིས་པའི་གྲུབ་འབྲས་བཏོད་ཡོད།2015ལོར་ཆོས་དབྱིངས་སྐྱིད་ཀྱིས་དེ་སྔོན་ས་ཚིགས་འདིའི་འགྲན་བསྡུར་ཁྲོད་ཨང་གཉིས་པ་ཐོབ་མྱོང་ཡོད།

       ཨོ་རྩལ་འགྲན་ཚོགས་ནང་ཐེངས་གཉིས་ཞུགས་མྱོང་བའི་ཆོས་དབྱིངས་སྐྱིད་ཀྱིས་ཐོག་མཐའ་བར་གསུམ་དུ་རྩལ་འགྲན་པའི་ཚུལ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད།འདི་ལོའི་ཟླ་3ཚེས་3ཉིན། ཁོ་མོས་རྒྱལ་ཡོངས་འགྲོ་རྩལ་འགྲན་བསྡུར་གྱི་བྱ་དགའ་ཆེན་པོའི་འགྲན་བསྡུར་དང་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་འཛམ་གླིང་འགྲོ་རྩལ་འགྲན་བསྡུར་གྱི་འདེམས་སྒྲུག་འགྲན་བསྡུར་ཚོགས་པའི་ལེགས་སྐྱེས་ཀྱི་འགྲན་བསྡུར་ནང་ཨང་དང་པོ་བླངས་ཡོད།ཟླ་4ཚེས་7ཉིན། 2018ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་འགྲོ་རྩལ་འགྲན་སློང་འགྲན་བསྡུར་ཕོར་ཐིའུ་ཀལ་ས་ཚིགས་ཀྱི་བུད་མེད་ཀྱི་སྤྱི་ལེ་20ཡི་འགྲན་བསྡུར་ནང་ཨང་དང་པོ་བླངས་ཡོད།ཟླ་5ཚེས་5ཉིན། 2018ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་འཛམ་གླིང་འགྲོ་རྩལ་ཚོགས་པའི་ལེགས་སྐྱེས་ཀྱི་འགྲན་བསྡུར་ནང་ཆོས་དབྱིངས་སྐྱིད་ཀྱིས་ཀྲུང་གོའི་རུ་ཁག་གི་ཚབ་བྱས་ཏེ་བུད་མེད་ཀྱི་སྤྱི་ལེ་20ཚོགས་པའི་ཨང་དང་པོ་བླངས་ཡོད་པ་རེད།


རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)