སྦྲུམ་མར་ཟ་རྐོང་ནད་འབྱུང་བར་སྔོན་འགོག་བྱེད་དགོས།
དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
སྦྲུམ་མར་ཟ་རྐོང་ནད་འབྱུང་བར་སྔོན་འགོག་བྱེད་དགོས།
རྩོམ་པ་པོ། ཚེ་དོན། དུས་ཚོད། 2018-06-08 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཀློག་གྲངས། 131

        སྐྱེས་མར་མངལ་སྦྲུམ་པའི་གོ་རིམ་ཁྲོད་དུ་བདེ་ཐང་དང་གཙང་སྦྲ་སོགས་ཕྱོགས་མང་པོ་ཞིག་ལ་ངེས་པར་མཉམ་འཇོག་བྱེད་པའི་དགོས་གལ་ཤིན་ཏུ་ཆེ།       རྒྱུན་ལྡན་དུ་ཆམ་པ་ཞིག་ཕོག་པའི་དུས་ན་ཡང་སྨན་པའི་མངག་བཅོལ་ལྟར་སྨན་འཐུང་བ་ལས་གང་འདོད་དུ་འཐུང་ན་ཁོག་གི་ཕྲུ་གུ་ལ་གནོད་པ་བཟོ་བའི་ཉེན་ཁ་ཤིན་ཏུ་ཆེ།   

        སྦྲུམ་མ་མང་པོ་ཞིག་གིས་མངལ་སྦྲུམ་པའི་སྐབས་སུ་བདེ་ཐང་གི་ཕྱོགས་ལ་འཛེམ་དོགས་མང་པོ་བྱེད་ཀྱི་མེད་པས།    ནད་བྱུང་དུས་ཅི་བྱ་གཏོལ་མེད་དུ་གྱུར་བའི་སྣང་ཚུལ་ཡང་འབྱུང་གི་འདུག    འདིར་སྦྲུམ་མ་ལ་ཟ་རྐོང་ནད་དེ་རྒྱ་སྐད་དུ་湿疹ཟེར་བའི་ནད་འདིའི་སྐོར་ནས་ཉམས་མྱོང་རེ་བརྗོད་པ་ལ།   སྨན་པ་དང་ཡིག་ཚགས་ནང་དུ་ཟ་རྐོང་ནད་ནི་ལུས་ཀྱི་འཚོ་བཅུད་མི་འདང་བའི་རྐྱེན་གྱིས་བྱུང་བ་ཞིག་ཡིན་པར་བཤད་ཡོད་ཅིང་།   ལུས་ལ་ཟ་འཕྲུག་ལངས་ནས་ཆུ་སེར་བྱུང་བའི་ནད་རྟགས་ཤིག་རེད།    སེམས་ཁམས་མི་དྭངས་པ་དང་ཡང་ན་ལག་པས་ཟ་འཕྲུག་བྱས་པ་མང་ན་ནད་རྟགས་ཇེ་སྡུག་ཏུ་འགྲོ་བའི་ནད་རིགས་ཤིག་རེད།  

སྦྲུམ་མར་ཟ་རྐོང་ནད་བྱུང་དུས་ཅི་ནུས་ཀྱིས་སེམས་གསོ་བྱེད་རྒྱུ་ཤིན་ཏུ་གལ་ཆེ་ཞིང་།    སྐྱི་ལྤགས་ཀྱི་ངོས་ལ་ཁོག་གི་ཕྲུ་གུ་ལ་མི་གནོད་པའི་སྨན་བསྐུས་ཆོག་པ་རེད།    ཡིན་ན་ཡང་ཟ་རྐོང་ནད་ནི་གློ་བུར་དུ་དྲག་བསྐྱེད་ཡོང་བ་ཞིག་མ་ཡིན་ལ།    ཡང་བསྐྱར་ཆུ་བུར་བྱུང་ནས་ཆུ་སེར་བཞུར་བ་དང་།    རྨ་ཁ་ཇེ་ཆེར་སོང་ནས་ཤ་མདོག་དམར་ནག་ཏུ་འགྱུར་སླ་བ་ཞིག་རེད།  

        གལ་ཏེ་སྦྲུམ་མའི་ལུས་པོ་ནི་སྐྱི་པགས་ཚོར་ཐལ་རང་བཞིན་གྱི་ཁོངས་སུ་གཏོགས་པ་ཡིན་ན་སྔོན་ནས་ཁ་ཚའི་ཟས་རིགས་མི་ཟ་བ་དང་།   རླན་འབྲུམ་འགོག་པའི་ཟས་རིགས་མང་ཙམ་ཟ་དགོས་པར་སྣང་།    ཉི་མ་ལྡེབ་རྒྱུ་མང་དྲགས་པ་དང་།   དུས་ཡུན་རིང་བོར་དྲོད་སྙོམས་འཕྲུལ་འཁོར་གྱི་རླུང་གཏོང་བ་སོགས་ལ་ཡང་གཟབ་དགོས།    དེ་མིན་གོས་གཙང་མ་བརྗེ་རྒྱུ་ཡང་ཤིན་ཏུ་གལ་ཆེ་བ་དང་།    ཅི་ནུས་ཀྱིས་འགུལ་སྐྱོད་འོས་འཚམས་བྱས་ན་བཟང་།   

        ང་ཚོས་ཡུན་ནན་ཞིང་ཆེན་གྱི་སྨན་པ་མིང་གྲགས་ཅན་འགའ་ལ་ཟ་རྐོང་ནད་འདི་སྟོན་དུས་ཀུན་གྱི་བཤད་ཚུལ་ལ་སྤྱིར་བཏང་གི་མི་ཡིན་ན་ནུས་པ་འཛོམས་པའི་སྨན་མང་པོ་ཞིག་བཀོལ་ཆོག་ཀྱང་།    སྦྲུམ་མ་ནི་དམིགས་བསལ་ཡིན་པས་སྐྱི་པགས་ཀྱི་ཕྱི་ངོས་ལ་བསྐུས་ཆོག་པའི་སྨན་སྟེར་བ་ལས།    ཕྲུ་གུ་ལ་གནོད་པའི་སྨན་མི་སྟེར་བ་དང་།   ཀྲུང་ལུགས་དང་ཕྱི་ལུགས་ཀྱི་སྨན་པས་ཀྱང་གཙོ་བོ་ཟ་འཕྲུག་འཇོག་བྱེད་ཀྱི་སྨན་ཙམ་ལས་དྲག་བསྐྱེད་ཡོང་བའི་སྨན་ཞིག་སྟེར་དཀའ་ཚོད་དུ་སྣང་།    བོད་སྨན་མཁྱེན་པའི་མི་རེ་འགར་དྲིས་དུས།   སྦྲུམ་མ་ལ་ཟ་རྐོང་ནད་བྱུང་དུས་སྨན་བསྟེན་པར་ཤིན་ཏུ་གཟབ་དགོས་པར་བཤད།   ལ་ལས་རིན་ཆེན་མང་སྦྱོར་བསྟེན་ཆོག་པ་བཤད་ཅིང་ལ་ལས་དེའི་ནང་དུ་གླ་རྩི་སོགས་འདྲེས་པས་བསྟེན་མི་རུང་བར་བཤད་པས་བཀོལ་མ་ནུས་པར་ལུས།    ཕྱི་གླིང་གི་སྨན་པ་མཁས་ཅན་ཞིག་གིས་ཟ་རྐོང་གི་ནད་འདི་ཕྲུ་གུ་སྐྱེས་ཚར་དུས་ད་གཟོད་དྲག་བསྐྱེད་ཡོང་ཐུབ་ཅེས་བཤད་བྱུང་།    

 

        གཙོ་བོ་ཟ་རྐོང་གི་ནད་འདིས་སྐྱི་པགས་ལ་གནོད་པ་བཟོས་པ་ཐད་ཀར་ཡིན་པས་བལྟས་པ་ཙམ་གྱིས་འཇིག་པའི་སྣང་ཚུལ་ཞིག་སྦྱིན་ཡོང་བ་དང་།    གཙོ་བོ་ནི་སྦྲུམ་མར་ཟ་འཕྲུག་ལངས་ནས་བཟོད་དཀའ་བ་ཞིག་ཏུ་གཏོང་སྲིད་པས།    ན་ཟུག་བསོད་བསྲན་བྱེད་རྒྱུ་དེ་དངོས་ནས་ལ་སླ་མོ་ཞིག་མ་རེད།     ཚབས་ཆེན་ཡིན་ན་སྦྲུམ་མའི་སེམས་སྡུག་རྒྱུ་མང་དྲགས་ནས་དྲན་པ་བརྒྱལ་བ་ཡང་མི་ཉུང་བ་ཞིག་འབྱུང་གི་འདུག    

       ན་ཚ་བྱུང་དུས་ད་གཟོད་ང་ཚོས་སྔོན་ཆད་ཀྱི་བདེ་སྐྱིད་དྲན་གྱི་འདུག   ཟླ་དགུ་ཞག་བཅུ་མངལ་དུ་རུམ་པའི་ཨ་མ་ལགས་ནི་དངོས་ནས་རླབས་ཆེ་བ་ཞིག་རེད།    ཅི་འདྲའི་ནད་ལྗིད་མོ་བྱུང་ན་ཡང་དུས་དང་མཚམས་གང་རུང་ལ་དྲན་ས་ནི་ཁོག་གི་ཕྲུ་གུའི་ཆེད་རེད།    དེས་ན་ཟ་རྐོང་གི་ནད་འདི་རིགས་མི་འབྱུང་བའི་ཆེད་དུ་སྔ་མོ་ནས་ལུས་སྦྱོང་བྱེད་པ་དང་།     ཟས་རིགས་ཀྱི་ཐད་ནས་སྔོ་ཚོད་ཀྱི་རིགས་མང་ཙམ་བསྟེན་པ།     དུས་དང་འཚམས་པའི་སྒོ་ནས་ངལ་གསོ་གང་ལེགས་བྱེད་པ།   རྒྱུན་པར་སེམས་ཁམས་བཟང་བོ་ཞིག་འཛིན་པ།    ཆུ་མང་ཙམ་འཐུང་དགོས་པ་སོགས་བརྗོད་ཡོད་པས་གོང་གི་ཉམས་མྱོང་འདི་དག་གིས་ཀྱང་སྦྲུམ་མ་རྣམས་ལ་ཕན་ཐོགས་ཅུང་ཟད་རེ་ཐོགས་པའི་སྨོན་འདུན་ཞུ།    

 

 

རྩོམ་སྒྲིག་པ། (པདྨ་མཚོ།)