དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
རྒྱལ་ཡོངས་སྐབས་གཉིས་པའི་བོད་རྒྱ་སྐད་གཉིས་སྙན་ངག་ལྷན་ཚོགས་དང་ཐུ་བྷོད་སྙན་ངག་མཁན་པོའི་གོ་མིང་འདེམས་བསྐོའི་འགོ་ཚུགས་མཛད་སྒོ་བདེ་ཆེན་ནས་སྤེལ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། རིན་ཆེན་ཚེ་རིང་། དུས་ཚོད། 2018-06-13 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 553

       2018ལོའི་ཟླ6པའི་ཚེས་12ཉིན་གྱི་ཕྱི་དྲོར།  རྒྱལ་ཡོངས་སྐབས་གཉིས་པའི་བོད་རྒྱ་སྐད་གཉིས་སྙན་ངག་ལྷན་ཚོགས་དང་ཐུ་བྷོད་སྙན་ངག་མཁན་པོའི་གོ་མིང་འདེམས་བསྐོའི་བདེ་ཆེན་ས་ཁུལ་གྱི་འགོ་ཚུགས་མཛད་སྒོ་དེ་སེམས་ཀྱི་ཉི་ཟླ་ནས་སྤེལ།

       རྒྱལ་ཡོངས་བོད་རྒྱ་སྐད་གཉིས་སྙན་ངག་ལྷན་ཚོགས་དང་ཐུ་བྷོད་སྙན་ངག་མཁན་པོའི་གོ་མིང་འདེམས་བསྐོའི་བྱེད་སྒོ་ལ་ཐུ་བྷོད་སྙན་ངག་མཁན་པོའི་གོ་མིང་འདེམས་བསྐོ་དང་རྒྱལ་ཡོངས་བོད་རྒྱ་སྐད་གཉིས་སྙན་ངག་ལྷན་ཚོགས་བཅས་བྱེད་སྒོ་གཉིས་ཡོད་དེ། ཐུ་བྷོད་སྙན་ངག་མཁན་པོའི་གོ་མིང་འདེམས་བསྐོ་ནི་བོད་ལྗོངས་ཀྱི་སྙན་ངག་རིག་པར་བྱས་རྗེས་འབུར་དུ་ཐོན་ཡོད་པའི་མཁས་པ་དང་སྙན་ངག་པ་ལ་གནང་ཤིང་།    རྒྱལ་ཡོངས་བོད་རྒྱ་སྐད་གཉིས་སྙན་ངག་ལྷན་ཚོགས་ནི་གསར་དུ་བྱུང་བའི་སྙན་ངག་མཁན་པོ་སྔོག་འདོན་བྱེད་དེ་སྙན་ངག་རིག་པ་ཁྱབ་སྤེལ་གཏོང་བ་ཞེས་པ་བརྗོད་བྱ་གཙོ་བོར་བྱས་ནས།  བརྗོད་བྱ་གཙོ་བོ་གཏན་འཁེལ་གྱིས་རྒྱལ་ཡོངས་ཀྱི་ཕུལ་དུ་བྱུང་བའི་སྙན་ངག་བརྩམས་ཆོས་གཅིག་བསྡུ་དང་འདེམས་བསྐོ    དཔྱད་བསྡུར་བྱེད་པ་ཞིག་ཡིན་ལ།  བོད་ལྗོངས་དང་སི་ཁྲོན།  མཚོ་སྔོན། ཡུན་ནན།  ཀན་སུའུ།  ནང་ལོག་(པེ་ཅིང་)བཅས་ཀྱི་འགྲན་བསྡུར་ས་ཁུལ་དྲུག་ཏུ་བགོས་ཡོད།  རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ལྗོངས་སོ་སོའི་རིག་གཞུང་ལས་ཁུངས་དང་མཉམ་འདྲེས་བྱས་ནས་བག་ཆགས་ངེས་ཅན་ལྡན་པའི་རྒྱལ་ཡོངས་རང་བཞིན་གྱི་སྙན་ངག་འགྲན་བསྡུར་གྱི་བྱེད་སྒོ་ཞིག་ཏུ་ཆགས་ཡོད་པ་རེད།

       སྐབས་འདིའི་སྙན་ངག་འགྲན་བསྡུར་ནི་ཉིན་20རིང་གི་རྩོམ་སྡུད་བརྒྱུད་དེ་2018ལོའི་ཟླ6པའི་ཚེས་5ཉིན་གྱི་བར་དུ།  ཁྱོན་བསྡོམས་བོད་ཡིག་བརྩམས་ཆོས་376དང་རྒྱ་ཡིག་བརྩམས་ཆོས་236བཅས་བརྩམས་ཆོས་612བསྡུས་ཡོད་ལ། མི་འགྱང་བར་ལྷ་ས་ནས་བྱ་དགའ་གནང་བའི་མཛད་སྒོ་བསྡུ་རྒྱུ་ཡིན་པ་རེད།

       ཐེངས་འདིའི་བྱེད་སྒོར་གཙོ་སྒྲུབ་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་བོད་ལྗོངས་འཕྱོངས་རྒྱས་རྫོང་གི་རྫོང་དཔོན་གཞོན་པ་རོན་ཀྲེང་ཞུགས་ཡོད་ལ་གཏམ་བཤད་གལ་ཆེན་གནང་བ་རེད།ཁོང་གིས་ཐུ་བྷོད་ཀྱི་ངག་སྙན་ངག་མཁན་པོའི་བརྗོད་གཞི་འདི་དང་སྦྲེལ་ནས་འཕྱོངས་རྒྱས་རྫོང་གི་ལོ་རྒྱུས་ཀྱི་རྒྱུན་རིང་བ་དང་བཙན་པོའི་རྒྱལ་ཁབ་ཐོག་མར་དར་རྒྱས་བྱུང་ས་ཡིན་པ་སོགས་ཡུལ་སྐོར་ཁྱབ་བསྒྲགས་ཀྱི་ཚུལ་གྱིས་ངོ་སྤྲོད་མདོར་བསྡུས་བྱེད་རེད།




       རོགས་སྒྲུབ་ལས་ཁུངས་བདེ་ཆེན་ཁུལ་རིག་གཞུང་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐུབ་ཚབ་པ་ཡུས་ཅང་གིས་སྙན་ངག་གིས་སྤྱི་ཚོགས་ལ་ཐོན་པའི་ནུས་པ་དང་རིན་ཐང་སྐོར་གྱི་གཏམ་བཤད་གནང་བ་རེད།


       བྱེད་སྒོའི་ཁྲོད་ད་རུང་ཡུན་ནན་བདེ་ཆེན་གྱི་སྐད་གཉིས་སྙན་ངག་པ་བཀྲ་ཤིས་ཉི་མ་དང་བདེ་ཆེན་བོད་རིག་པ་ཞིབ་འཇུག་ཁང་གི་བོད་ཀྱི་སྙན་ངག་པ་རྟ་མགྲིན་ཐར་གཉིས་ཀྱི་རང་རང་གིས་བརྩམས་པའི་སྙན་ངག་གྱེར་འདོད་བྱས་པ་རེད།

       བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་དབྱངས་ཅན་སྒྲོལ་མས་དྲིས་པའི་འོངས་པ་རྩོམ་རིག་བྱ་དགའ་འདིའི་འཕེལ་ཕྱོགས་དང་དམིགས་ཕྱོགས་གང་འདྲ་ཡིན་པ་ཞེས་པའི་འདྲི་བར་ལན་འདེབས་སྐབས་རོན་ཀྲེང་གིས་ཐུ་བྷོད་རྩོམ་རིག་བྱ་དགའ་འདི་རྒྱལ་ཡོངས་ལ་ཁ་ཕྱོགས་པ་ཡིན་ལ།མ་འོངས་པ་རྒྱལ་ཡོངས་ན་ཤུགས་རྐྱེན་ཆེན་པོ་ཡོད་པའི་རྩོམ་རིག་བྱ་དགའ་ཞིག་ཏུ་འགྱུར་བར་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད།


       བྱེད་སྒོའི་མཇུག་ཏུ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་དུངས་པ་ཆེ་ཞིང་རྒྱུན་འཛིན་དང་དར་སྤེལ་ལ་ནུས་ཤུགས་ཆེན་པོ་འདོན་བཞིན་པའི་དམངས་ཁྲོད་སྒྱུ་རྩལ་བ་སྐོར་ཞིག་གིས་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་ཆུང་ཆུང་ཞིག་སྤེལ་ཞིང་། བྱེད་སྒོར་ཞུགས་ཡོད་པའི་འགོ་འཁྲིད་དང་ཕྱོགས་སོ་སོ་ནས་ཡོང་བའི་སྐུ་མགྲོན་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།

       བྱེད་སྒོའི་ཐོག་ལ་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་བོད་ཡིག་རྩོམ་སྒྲིག་པ་ཡོངས་དང་བདེ་ཆེན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་བོད་ཡིག་བསྒྱུར་སྒྲིག་ལྟེ་གནས་ཀྱི་རྩོམ་སྒྲིག་མི་སྣ། སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་མི་རིགས་རིག་གནས་ལ་དགའ་མོས་ཆེན་པོ་ཡོད་པའི་དམངས་ཁྲོད་ཀྱི་བྲོ་བ་དང་གླུ་བ་གླུ་མ་བཅས་ཡོད་པ་རེད།

       མཐར་ཐེངས་འདིའི་བྱེད་སྒོར་ཞུགས་ཡོད་པའི་མི་སྣ་ཡོངས་ཀྱིས་དྲན་རྟེན་མཉམ་པར་སྐྱོན་ཞིང་བྱེད་སྒོ་ཡོངས་སུ་མཇུག་བསྡུས་པ་རེད།  





རྩོམ་སྒྲིག་པ། (རིན་ཆེན་ཚེ་རིང་། )