དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཛུགས་སྐྲུན་གད་སྙིགས་གང་བྱུང་དུ་སྤུང་བ་དང་ཕོད་པའི་གནད་དོན་འབུར་དུ་ཐོན།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། པདྨ་མཚོ། དུས་ཚོད། 2018-06-28 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཀློག་གྲངས། 1651

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།རང་ཁུལ་གྱིས་ཤུགས་ཡོངས་ནས་མིའི་འཚོ་སྡོད་ཁོར་ཡུག་ལེགས་གཏོང་བྱེད་བའི་གྲོང་ཁྱེར་འཕེལ་རིམ་གྱི་གོ་རིམ་ཁྲོད་དུ། འཛུགས་སྐྲུན་གད་སྙིགས་གང་བྱུང་དུ་སྤུང་བ་དང་། གང་བྱུང་དུ་ཕོད་པ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བར་ཐུག་པའི་དཀའ་གནད་ཡིན་པ་རེད།
         ཉེ་སྔོན། ཁྲིམས་འཛིན་མི་སྣས་སྐོར་ཞིབ་གོ་རིམ་ཁྲོད་ཤེས་གསལ་བྱུང་བར་གཞིགས་ན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཞ་ཐུའུ་སྡེ་ཁུལ་གྱི་སྤང་ཐང་གང་མང་དུ་འཛུགས་སྐྲུན་གད་སྙིགས་དང་སོ་ཕག ཁྱིམ་ཆས་རྙིང་རོ་སོགས་དངོས་པོ་ཙག་ཙིག་སྤུང་ཡོད་པ་མ་ཟད། ཉེ་འཁོར་སྡོད་དམངས་ཀྱི་འཚོ་བའི་གད་སྙིགས་དག་ཀྱང་གད་སྙིགས་བླུགས་སྣོད་ཀྱི་ཉེ་འཁོར་རུ་གང་བྱུང་དུ་གཡུག་ཡོད་པ་དང་། སྐྱེལ་འདྲེན་གཙང་བཤེར་བྱེད་མཁན་མེད་པས། སྡོད་དམངས་ཀྱི་འཚོ་བའི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཡོད་པ་རེད། ཁྲིམས་འཛིན་མི་སྣས་ཉེ་འཁོར་གྱི་མང་ཚོགས་ལས་རྒྱུས་ལོན་བྱུང་བ་ལྟར་ན། གད་སྙིགས་འདི་དག་ནི་དགོང་མོར་ལྐོག་ཏུ་ཕོད་པ་ཡིན་པ་དང་། སུས་ཕོད་པ་ཡིན་པ་ཉེ་འཁོར་གྱི་མང་ཚོགས་རྣམས་ཤེས་གསལ་བྱུང་མེད། མིག་སྔར།  འབྲེལ་ཡོད་སྡེ་ཁག་གིས་གནད་དོན་འདིར་དམིགས་ནས་འབྲེལ་ཡོད་ཀྱི་བརྟག་ཞིབ་ལས་དོན་སྤེལ་བ་རེད།
         གཞན་ད་དུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁུལ་བྱང་རྒྱུད་དང་། ཉི་ཤར་གྲོང་སྡེ་སོགས་སུའང་གད་སྙིགས་གང་བྱུང་དུ་སྤུང་བ་དང་། གང་བྱུང་དུ་ཕོད་པའི་གནད་དོན་འདི་འདྲ་གནས་ཡོད་པ་རེད། གོམ་སྟབས་རྗེས་མར། རང་ཁུལ་གྱིས་མུ་མཐུད་དུ་བཟོ་སྐྲུན་གད་སྙིགས་གང་བྱུང་དུ་སྤུང་བ་དང་། གང་བྱུང་དུ་ཕོད་པའི་ཁོར་ཡུག་གནད་དོན་འདིའི་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། གད་སྙིགས་གང་བྱུང་དུ་སྤུང་བ་དང་ཕོད་པའི་ལས་ཁུངས་དང་མི་སྒེར་ལ་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆད་པ་ནན་མོ་གཅོད་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། (པདྨ་མཚོ།)