རྒྱལ་ཐང་མྱི་ཟུར་ནས་ཐོན་པའི་རྐང་རྩེད་སྤོ་ལོའི་རུ་ཁག
དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
རྒྱལ་ཐང་མྱི་ཟུར་ནས་ཐོན་པའི་རྐང་རྩེད་སྤོ་ལོའི་རུ་ཁག
རྩོམ་པ་པོ། མི་གསལ། དུས་ཚོད། 2018-07-16 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 93

མྱི་ཟུར་ནི་རི་ཁུལ་དུ་གནས་ཡོད་པ་དང་།    དེ་གར་ཐོན་སྐྱེད་འཚོ་བ་རོལ་བཞིན་པའི་མྱི་ཟུར་མི་དམངས་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་དང་།   ཞུམ་པ་མེད་པའི་སྙིང་སྟོབས་ཤིག་ཁོ་ཚོའི་ལུས་ཁོག་ན་རང་བཞིན་གྱིས་གྲུབ་ཡོད་ཅིང་དེ་ནི་ཡུལ་ལུང་དེའི་རི་རབ་ཀྱིས་བསྩལ་བའི་སྙིང་སྟོབས་ཡིན་ཞེས་བརྗོད་ཆོག    མྱི་ཟུར་ལ་གཉའ་གྲོང་དང་བར་གྲོང་།   ཐང་འགོ   ཕ་ལག་སོགས་གྲོང་མི་ཚོ་ཆུང་བཞི་ཡོད། གཙང་གསུམ་མཉམ་བཞུར་ཞེས་པའི་འཛམ་གླིང་རང་བྱུང་ཤུལ་བཞག་གི་རི་དམར་ཡུག་སྦྲེལ་ས་ཁུལ་གྱི་དཀྱིལ་སྙིང་དུ་གནས་ཡོད་ཅིང་།    སྐྱེ་ཁམས་ལྗོངས་རྒྱུའི་མདུན་ལྗོངས་ཤིན་ཏུ་ཡངས་པས་འཛམ་གླིང་སྐྱེ་ཁམས་ཀྱི་གྲོང་ཚོ་དང་པོ་ཞེས་པའི་མིང་ཐོགས་ཡོད།    བོད་རིགས་གྲོང་ཚོ་འདི་ད་ལྟ་དུད་ཚང་128དང་མི་གྲངས700ལྷག་ཡོད།  གནས་འདི་ནས་རྒྱལ་ཐང་ཡུལ་དུ་མིང་གྲགས་ཆེ་བའི་བོད་རིགས་རྐང་རྩེད་སྤོ་ལོའི་རུ་ཁག་ཅིག་ཐོན་ཡོད་པ་དང་།  ཁོ་ཚོའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ལ་གསན་པར་དགའ་བསུ་ཞུ།   

       ལོ་རྒྱུས་ཐོག    ཐུ་བྷོད་ལ་རྟ་ཐོག་སྤོ་ལོ་རྩེད་བའི་གོམས་གཤིས་དང་དགའ་ཕྱོགས་ཡོད་ལ།    ཐང་རྒྱལ་རབས་ཀྱི་སྐབས་སུ་ཕན་ཚུན་བར་སྤོ་ལོ་འགྲན་བསྡུར་བྱས་མྱོང་བའི་ངག་སྒྲོས་ནི་ད་ལྟའི་བར་དུ་ཁྱབ་ཡོད།   

བློ་བཟང་བཀྲ་ཤིས་འགྲན་བསྡུར་ལ་ཞུགས་དུས་ཀྱི་འདྲ་པར། 

       སྔར་ཡིན་ན།   མྱི་ཟུར་ཡུལ་དུ་རྐང་རྩེད་སྤོ་ལོ་ཞེས་ན་ཤེས་མཁན་ཤིན་ཏུ་དཀོན།   ཡིན་ན་ཡང་ཕྱིས་སུ་མྱི་ཟུར་བ་རྣམས་ནི་རྐང་རྩེད་སྤོ་ལོའི་ལུས་རྩལ་ལ་དགའ་ཞིང་ལོབས་པའི་མགོ་བརྩམས།   

ལོ་རབས་བརྒྱད་ཅུ་པར་མྱི་ཟུར་གྱི་སྐྱེས་པ་འགས་གྲོང་ཚོ་ནས་བླངས་པའི་པར་རིས།  གཡས་ཕྱོགས་ནས་བརྩིས་པའི་མི་གཉིས་པ་དེའི་མིང་ལ་ཚེ་རིང་དོན་འགྲུབ་ཟེར་ཞིང་།ད་ལྟ་མྱི་ཟུར་སྤོ་ལོ་རྩེད་གྲོགས་མཉམ་སྤྲོ་ཁང་རྐང་རྩེད་སྤོ་ལོའི་རུ་མི་གཙོ་བོ་ཞིག་ཡིན།

མྱི་ཟུར་རྐང་རྩེད་སྤོ་ལོའི་རུ་མི། 

        མྱི་ཟུར་བས་རྐང་རྩེད་སྤོ་ལོར་འབྲེལ་འདྲིས་བྱེད་ཚུལ་གྱི་གཏམ་རྒྱུད་ནི་ཐོག་མར་སློབ་གྲྭའི་ནང་དུ་སོང་རྗེས་ནས་མགོ་བཙུགས་པ་ཡིན།     བློ་བཟང་བཀྲ་ཤིས་ནི་མྱི་ཟུར་བའི་ནང་དུ་རྐང་རྩེད་སྤོ་ལོ་རྩེད་མཁན་གྱི་ཆེས་སྔ་ཤོས་ཀྱི་གྲས་ཤིག་ཡིན།  ཁོ་བོ1960ལོར་སྐྱེས་ཤིང་།   ད་ལྟ་ལོ58ཡིན།   ཉེ་ཆར་ལས་ལས་འཁྱུར་ངལ་གསོ་བྱས་ཏེ་ཁྱིམ་ན་བསྡད་ཡོད།   ཁོས་ཕྱིར་དྲན་བྱེད་དུས།    ངས་སློབ་འབྲིང་མ་བཏོན་པའི་སྔོན་ལ་རྐང་རྩེད་སྤོ་ལོ་ཟེར་བའི་མིང་ཞིག་ཐོས་མ་མྱོང་། ལོ་རབས་བདུན་ཅུ་བའི་ལོ་འགོར་སློབ་འབྲིང་འགྲིམས་རྗེས་ད་གཟོད་རྐང་རྩེད་སྤོ་ལོའི་ལུས་རྩལ་ལ་འབྲེལ་འདྲིས་བྱས་པ་ཡིན།    སྔར་ཡིན་ན་དེ་འདྲའི་སྤྲོ་སྣང་མེད་ཀྱང་རིམ་བཞིན་འཛིན་གྲྭའི་ནང་གི་ལུས་རྩལ་སློབ་ཚན་དང་སློབ་གྲྭའི་ལུས་རྩལ་འགྲན་ཚོགས་སོགས་བརྒྱུད་ནས་རྐང་རྩེད་སྤོ་ལོ་རྩེད་རྒྱུར་དགའ་བོ་བྱུང་།    རིམ་བཞིན་འཛིན་གྲྭའི་རུ་ཁག་དང་སློབ་གྲྭའི་རུ་ཁག་གི་ཁོངས་མིར་གྱུར།     ལོ་རབས་བརྒྱད་ཅུ་བར་རྒྱལ་ཐང་རྫོང་གི་ཚབ་བྱས་ནས་བདེ་ཆེན་ཁུལ་གྱི་སྐབས་བཞི་བའི་ལུས་རྩལ་འགྲན་ཚོགས་ལ་ཞུགས་ཏེ་རྫོང་རུ་ཁག་གིས་ཨང་དང་པོ་བླངས་པས།  དེ་ནས་བཟུང་དགའ་ཕྱོགས་རྒྱས་ཏེ་རྐང་རྩེད་སྤོ་ལོས་རང་གི་གཤིས་ཀ་དེ་ཡིད་ཆེས་ཡོད་པ་དང་།སྤྲོ་སེམས་ཡོད་པ་ཞིག་ཏུ་བཏང་ཞེས་བཤད་བྱུང་།ལོ་རབས་

བརྒྱད་ཅུ་བར་བླངས་པའི་བྱ་དགའ་ཨང་དང་པོའི་རྟགས་མ།   

 

བདེ་ཆེན་ཁུལ་གྱི་སྐབས་བདུན་པའི་ས་མཐོ་བུམ་པའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་བླངས་པ།

       1998 ལོར།    རྐང་རྩེད་སྤོ་ལོ་རྩེད་རྒྱུར་དགའ་བའི་མྱི་ཟུར་གྱི་ན་གཞོན་འགའ་རང་འགུལ་ངང་སྒྲིག་འཛུགས་བྱས་ཏེ་རྐང་རྩེད་སྤོ་ལོའི་རུ་ཁག་ཅིག་བཙུགས་ཤིང་།    རྒྱུན་པར་ཁུལ་ནང་གི་འགྲན་བསྡུར་གང་མང་ལ་ཞུགས་།    1999 ལོའི་ཟླ་10 པར།  བདེ་ཆེན་ཁུལ་གྱི་སྐབས་དགུ་པའི་ས་མཐོའི་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཤང་གི་ཚབ་བྱས་ཏེ་ཁུལ་རིམ་པའི་འགྲན་བསྡུར་ནང་ཞུགས་ནས་དངོས་གཞིའི་འགྲན་བསྡུར་གྱི་གོམ་པ་དང་པོ་དེ་བརྟན་པོར་སྤོས་པ་རེད།  སྔ་ཕྱིར་ཁུལ་དང་རྫོང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གང་མང་ལ་ཞུགས་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་བླངས།   

ཡུན་ནན་ཞིང་ཆེན་གཞུང་ལམ་ཟམ་པ་ཇུས་འགོད་གླིང་དང་འགྲན་བསྡུར་བྱེད་དུས་ཀྱི་མཉམ་པར།

       མི་ལ་བརྩོན་འགྲུས་ལྡན་གྱུར་ན་མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པ་བཞིན།     2015 ལོར་བདེ་ཆེན་མྱི་ཟུར་སྤོ་ལོ་རྩེད་གྲོགས་མཉམ་སྤྲོ་ཁང་འཛུགས་པར་བདེ་ཆེན་ཁུལ་རིག་གནས་ལུས་རྩལ་རླུང་འཕྲིན་ཅུས་ཀྱི་ཆོག་མཆན་སྤྲད་ཐོབ་པ་དང་། 2016ལོའི་ཟླ6པའི་ཚེས20ཉིན།      བདེ་ཆེན་ཁུལ་དམངས་སྲིད་ཅུས་ཀྱིས་བདེ་ཆེན་མྱི་ཟུར་སྤོ་ལོ་རྩེད་གྲོགས་མཉམ་སྤྲོ་ཁང་དངོས་སུ་བཙུགས་པར་ཞིབ་དཔྱད་ཆོག་མཆན་གྱི་བཀའ་ལན་གནང་ཡོད།  མཉམ་སྤྲོ་ཁང་གིས་ཇུས་འགོད་བྱས་པའི་རུ་ཁག་གི་ལས་རྟགས་དང་། རུ་དར།    རུ་ཁག་གི་གོན་པ་སོགས་ལ་ཡང་ས་གནས་ཀྱི་ཁྱད་ཆོས་མངོན་པར་ལྡན་ཡོད་པ་སྟེ།   ནོར་ནག་དང་རྐང་རྩེད་སྤོ་ལོའི་བར་བརྩེ་སེམས་ཀྱིས་ཕྱུག་པར་བྱས་ཏེ།   ས་མཐོའི་གྲུ་གཟིངས་ལ་མྱི་ཟུར་བས་སེམས་ཀྱི་བརྩེ་སེམས་ཁྱད་པར་བ་ཞིག་བཅིངས་ཡོད་པ་མངོན་དུ་བཅུག་ཡོད།  

མཉམ་སྤྲོ་ཁང་གི་ལས་རྟགས།

        རྐང་ཐང་དུ་བསྐྱོད་པ་དང་།   རི་ལ་འཛེག་པ།   རྒྱུག་རེས་བྱེད་པ་ནི་མྱི་ཟུར་བ་རྣམས་ལ་ཐུན་མོང་དུ་ཡོད་པའི་ཁྱད་ཆོས་ཤིག་ཡིན།     ད་ལོའི་ཟླ5པར་བདེ་ཆེན་ཁུལ་གྱི་ང་ནི་ཉི་འོད་ལ་དགའ།   བདག་གི་སེམས་པ་ཏང་ལ་ཕྱོགས།   ང་རང་བདེ་ཐང་ཡོང་དགོས་ཞེས་པའི་སྐྱེ་ཁམས་ལུས་རྩལ་རྐང་ཐང་འགྲན་བསྡུར་ཁྲོད།    མྱི་ཟུར་སྤོ་ལོ་རྩེད་གྲོགས་མཉམ་སྤྲོ་ཁང་གིས་ཨང་དང་པོའི་བྱ་དགའ་བླངས།  སྐབས་གཉིས་པའི་སྐྱེ་ཁམས་ལུས་རྩལ་སྤྱི་གླིང་རྐང་ཐང་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ།

        གཞན་ཕན་སྒྲུབ་པར་དགའ་བ་ཡང་མཉམ་སྤྲོ་ཁང་འདིའི་སྲོལ་རྒྱུན་གྱི་སྤྱོད་བཟང་ཞིག་ཡིན།   2012 ལོའི་སྐབས་བཅོ་ལྔ་པའི་ས་མཐོའི་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་དུས་སུ།    རུ་མི་ཚོས་ཅི་ནུས་ཀྱིས་གཅེས་སེམས་ཞལ་འདེབས་ཕུལ་ནས་གཞན་ཕན་གྱི་བྱ་བ་སྒྲུབ་ཡོད།    ད་ལོའི་ལོ་གསར་སྐབས་སུ་ཡང་།   ཕ་ཡུལ་གྱི་ཡུལ་མི་རྣམས་ལ་རིག་གནས་བྱེད་སྒོ་མང་པོ་ཞིག་རྩ་འཛུགས་བྱས་ཡོད་པས་རྒྱ་ཆེའི་ལྟད་མོ་བས་དགའ་བསུ་མི་དམན་པ་ཐོབ་ཡོད། 

       མྱི་ཟུར་བས་རྐང་རྩེད་སྤོ་ལོ་རྩེད་ཤེས་པས་མི་ཚད།  ད་དུང་དྲ་བླུག་སྤོ་ལོ་རྩེད་པར་ཡང་མཁས་པ་རེད།  སེམས་ཀྱི་ཉི་ཟླར་འཚོགས་པའི་སྐབས་དྲུག་པ་དང་བདུན་པ།  བརྒྱད་པའི་ཤམ་བྷ་ལ་རྟགས་མའི་ལས་ཞོར་དྲ་བླུག་སྤོ་ལོའི་འགྲན་བསྡུར་ཁྲོད།  ལུའོ་ཅི་ཤང་འཐུས་ཚབ་རུ་ཁག་ལ་བུད་མེད་ཚན་ཁག་གི་ཨང་གསུམ་པའི་བྱ་དགའ་ཐོབ་པ་རེད། 

ཤམ་བྷ་ལ་རྟགས་མའི་དྲ་བླུག་སྤོ་ལོའི་འགྲན་བསྡུར་ཁྲོད་བུད་མེད་ཚན་ཁག་གིས་ཨང་གསུམ་པའི་བྱ་དགའ་བླངས་པ།  

       ཡུལ་འདིའི་རི་ཀླུང་མཛེས་ཤིང་ཡིད་དུ་འོང་ལ།   མི་རྣམས་ནི་གཞུང་དྲང་ཞིང་ལས་ལ་བརྩོན།   ད་ལྟའི་དུས་ལ་མྱི་ཟུར་བ་དང་རྐང་རྩེད་སྤོ་ལོའི་བར་ལ་ཆུ་དང་འོ་མ་འདྲེས་པ་ལྟ་བུའི་བརྩེ་སེམས་ཤིག་ཆགས་ཡོད།   སྤྱིར་ན་རྐང་རྩེད་སྤོ་ལོ་རྒྱག་པའི་ཆུ་ཚད་དེ་འདྲའི་རྩེར་མ་སོན་ཀྱང་།   ཆེས་གལ་ཆེ་བ་ནི་ཁོ་ཚོའི་ནང་ཡང་ཞུམ་པ་མེད་པའི་ལུས་རྩལ་གྱི་སྙིང་སྟོབས་དེ་འདོན་སྤེལ་གང་ལེགས་བྱས་ཡོད་པ་དེ་ཡིན།    རྒྱལ་ཐང་ཉེ་འཁོར་གྱི་མི་རྣམས་ཀྱིས་ཁོ་ཚོ་ལ་རྒྱུག་ཀྱང་ཐང་ཆད་རྒྱུ་མེད་པའི་མྱི་ཟུར་གྱི་རྟ་མཆོག་རྒོད་པོ་ཞེས་པའི་མཚན་སྙན་ཞིག་ཀྱང་བསྩལ་ཡོད།    སྤོ་ལོའི་འགྲན་བསྡུར་བརྒྱུད་ནས་གྲོང་མི་ཕན་ཚུན་བར་གྱི་བརྩེ་སེམས་ཇེ་དྲག་དང་སྟོབས་ཤུགས་གཅིག་སྒྲིལ།  འཆམ་མཐུན་རོགས་རེས་ཡོང་བར་ནུས་པ་མི་དམན་པ་ཞིག་ཐོན་ཡོད།   དེས་ན་མཇུག་མཐར་ང་ཚོས་ལྷག་བསམ་རྣམ་པར་དག་པའི་ངང་རྒྱལ་ཐང་མྱི་ཟུར་ནས་ཐོན་པའི་རྐང་རྩེད་སྤོ་ལོའི་རུ་ཁག་འདིའི་འདོད་ཐོག་ལ་རྟ་རྒྱུག་པ་དང་བསམ་ཐོག་ལ་ཆར་འབབ་པ།  བྱ་གཞག་ཐམས་ཅད་ཡར་ངོའི་ཟླ་ལྟར་འཕེལ་བའི་བཀྲ་ཤིས་སྨོན་འདུན་ཞུ།   

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)