ཡ་རབས་གུས་ཞབས་ཀྱི་སྲོལ་རྒྱུན་བཤད་པ།
དབུ་ཤོག >> མི་རིགས་ཆོས་ལུགས། >> ཡུལ་སྲོལ་གོམས་གཤིས།
ཡ་རབས་གུས་ཞབས་ཀྱི་སྲོལ་རྒྱུན་བཤད་པ།
རྩོམ་པ་པོ། བོད་ཀྱི་དྲྭ་བ། དུས་ཚོད། 2018-07-20 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 54

བོད་མི་རིགས་ནི་ལོ་ངོ་སྟོང་ཕྲག་གི་གོང་ནས་ཤེས་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན་པར་བརྟེན་མི་དང་མི་ཡི་བར་ལ་ཡ་རབས་གུས་ཞབས་ཀྱི་སྲོལ་རྒྱུན་བཟང་པོ་ཡོད་ཅིང་དེ་ལ་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་ཞིག་ཡིན། དེ་ལ་ནང་གསེས་ཀྱིས་དབྱེ་ན། དེ་སྔ་སྤྱི་ཚོགས་ཐོག་བླ་མ། སློབ་དཔོན། དགེ་རྒན། དཔོན་རིགས། རྒན་རབས་བཅས་ལ་གུས་བཀུར་བྱེད་སྲོལ་དང་། ཁྱིམ་ཚང་གི་ནང་བུ་ཕྲུག་གིས་ཕ་མར་གུས་ཞབས་ཞུ་སྲོལ། ཁྱིམ་དུ་སྐུ་མགྲོན་ཕེབས་སྐབས་གུས་ཞབས་ཞུ་སྲོལ། ཕན་ཚུལ་མིང་འབོད་སྐབས་གུས་ཞབས་ཞུ་སྲོལ། ཡི་གེ་གཏོང་སྐབས་གུས་ཞབས་ཞུ་སྲོལ་སོགས་མི་འདྲ་བ་མང་པོ་ཡོད། དེའི་ནང་དུ་ལུས་ཀྱི་རྣམ་འགྱུར་ཐོག་ནས་གུས་ཞབས་ཞུ་སྲོལ་དང་། ངག་ཐོག་གི་ཞེ་ས་ཞུ་ཚུལ་མི་འདྲ་བའི་ཁྱད་པར་རྣམས་འདུས་ཡོད། གུས་ཞབས་ཞེས་པ་ནི་སྐྱེ་བོ་མཐོ་དམན་དྲག་ཞན་སུ་ཡིན་ཀྱང་ཕན་ཚུན་འབྲེལ་བ་བྱེད་སྐབས་ལུས་ཀྱི་རྣམ་འགྱུར་དང་། ངག་ཐོག་གི་སྐད་ཆ་བཤད་སྟངས། མཉམ་དུ་བཟའ་བཏུང་བྱེད་སྟངས། ཚུར་བསུ་ཕར་སྐྱེལ་སོགས་ཡ་རབས་བཟང་པོའི་སྤྱོད་ཚུལ་ཡོད་པ་ལ་ཟེར་བ་ལས་འབངས་མི་སེར་གྱིས་དཔོན་རིགས་སམ་མི་དྲག་ལ་མགོ་སྒུར་ལྕེ་སྣར་བྱེད་པ་གཅིག་པུ་ལ་གོ་རྒྱུ་མིན།

 

དང་པོ། རང་ལ་ཤེས་ཡོན་སློབ་མཁན་གྱི་སློབ་དཔོན་དང་། ཕ་མ། མེས་པོ་བཅས་ལ་གུས་བཀུར་གཙོ་ཆེ་ཤོས་ཞུ་དགོས་པ། ཐོག་མར་མཇལ་བའམ་རང་ཁྱིམ་དུ་ཕེབས་པ་དང་བཞུགས་པ་བཅས་ཀྱི་སྐབས་སུ་ལུས་ཀྱི་རྣམ་འགྱུར་མགོ་བོ་སྒུར་ཏེ་གྲྭ་པ་ཡིན་ཚེ་ལག་གཉིས་ཐལ་མོ་སྦྱར་བའམ་ཡང་ན་པུས་མོའི་སྟེང་དུ་བཞག་ནས་བློན་པོ་ཆེན་པོས་རྒྱལ་པོའི་བཀའ་ཉན་པ་ལྟར་བྱ་དགོས་ཤིང་། ཚུར་གསུང་བའི་བཀའ་མོལ་མ་རྫོགས་བར་དུ་གུས་པས་ཉན་ནས་རང་ཉིད་ཀྱི་ཞུ་ལན་རྣམས་ཞེ་ས་དང་བཅས་ཏེ་ཞུ་དགོས་པ་ལས་མཚན་རྗེན་པར་བོས་ནས་ཞུ་མི་རུང་བ་དང་། རང་གི་བློ་ལ་མི་འབབ་པའི་བཀའ་ཞིག་གནང་ཡང་རྗེས་སུ་གོ་སྐབས་བསྟུན་ནས་རིམ་བཞིན་འཇམ་པོའི་ངག་གིས་ཞུ་བ་མ་གཏོགས་སྤུན་མཆེད་ཕན་ཚུན་དང་བཟའ་ཚང་ཕན་ཚུན་ཁ་རྩོད་རྒྱག་པ་ལྟ་བུའི་སྐབས་ཐོག་ཐད་ཀར་ཞུ་མི་རུང་བ་ཡིན། སློབ་དཔོན་དང་ཕ་མ་མེས་པོ་བཅས་དང་མཉམ་དུ་བཟའ་བཏུང་བྱ་དགོས་བྱུང་ཚེ་ཁོང་རྣམ་པས་མ་བཞེས་གོང་དུ་རང་གིས་ལོངས་སྤྱོད་མི་རུང་བ་དང་། བཟའ་བཏུང་སྐབས་ཅག་སྒྲ་དང་ཧུ་སྒྲ་སྒྲོགས་པ། མདུན་ཅོག་ཐོག་ལག་པ་གཉིས་བཀན་ནས་བཟའ་བ། ཁ་མ་བཀབ་པར་སྐད་གསེང་ཆེན་པོས་གློ་རྒྱག་པ་དང་། ཧབ་སྦྲིད་རྒྱག་པ། སྣབས་ལུད་འདོར་བ། ལག་པ་ཡ་གཅིག་གིས་སྣོད་སྤྱད་ཕར་འཇོག་ཚུར་ལེན། ཕར་ཚུར་འགྲོ་སྐབས་དང་སྐས་ཀྱི་གདང་བུར་ཡར་འཛེག་མར་འབབ་བྱེད་སྐབས་རྐང་ཤུགས་ཆེན་པོས་རྡིག་སྒྲ་དང་བཅས་ནས་འགྲོ་བ། ལམ་དུ་འགྲོ་བའི་ཚེ་ན་དགེ་རྒན་དང་ཕ་མའི་རྗེས་དང་གཡོན་ངོས་ཀྱི་ཟུར་ནས་འགྲོ་བ་མ་གཏོགས་མདུན་དང་གཡས་ངོས་ནས་འགྲོ་མི་རུང་བ། རྟ་བཞོན་པ་དང་འཁོར་ལོའི་ནང་དུ་འགྲོ་སྐབས་དགེ་རྒན་དང་ཕ་མ་གཉིས་ཆིབས་རྟ་དང་འཁོར་ལོར་ཕེབས་གྲུབ་རྗེས་གཞི་ནས་རང་ཉིད་རྟ་ཞོན་པའམ་འཁོར་ལོར་བསྡད་ནས་འགྲོ་དགོས་པ་དང་འབབ་སྐབས་ཀྱང་སྔོན་ལ་རང་ཉིད་རྟ་དང་འཁོར་ལོ་ནས་འབབ་དགོས་པ་སོགས་གུས་ཞབས་ཞུ་ཚུལ་མང་པོ་ཡོད།

 

གཉིས་པ། སྤྱི་ཚོགས་ཐོག་གི་རྒན་རབས་དང་ཡོན་ཏན་ཅན་ཞིག་ཡིན་ཕྱིན་ལུས་ཀྱི་རྣམ་འགྱུར་གུས་ཞབས་དང་ངག་གི་རྣམ་འགྱུར་འཇམ་པོའི་སྒོ་ནས་གཏམ་གླེང་སྨྲ་དགོས་པ་ལས་བཟའ་ཚང་སྤུན་མཆེད་ལྟར་བྱེད་མི་རུང་། ཚོགས་འདུ་འཚོགས་སྐབས་གཏམ་གླེང་མགོ་རྒན་རིམ་ནས་འཛུགས་དགོས་པ་དང་གཞོན་པ་རྣམས་ཀྱིས་རྒན་རབས་ལ་ཐད་ཀར་ཁ་རྩོད་རྒྱག་མི་རུང་བར་གཏམ་གླེང་གོ་སྐབས་རང་ལ་ཁེལ་བ་དང་བསྟུན་ནས་གནས་ཚུལ་བབས་གསེད་འཇམ་མཁས་ཀྱི་ཐོག་ནས་ཞུ་དགོས་ལ་གལ་ཏེ་རང་གི་ནོར་འཛོལ་འདྲ་བྱུང་ཡོད་ན་རྒན་རབས་རྣམས་དགོངས་པ་དྭངས་པ་ཞུ་དགོས་པ། ཕར་འགྲོ་ཚུར་ཡོང་གི་ལམ་རྒྱུད་དུ་རྒན་རབས་དང་ཡོན་ཏན་ཅན་སོགས་མཇལ་བ་བྱུང་ཚེ་རང་གིས་ངོ་ཤེས་པ་ཞིག་ཡིན་ན་འཚམས་འདྲིའི་གུས་བཀུར་ཞུ་བའི་ཚིག་ཁ་ཤས་ཞུ་དགོས་པ་དང་ངོ་མི་ཤེས་པ་ཞིག་ཡིན་ནའང་ལུས་ཀྱི་རྣམ་འགྱུར་གུས་པའི་སྒོ་ནས་མགོ་སྒུར་ཙམ་བྱེད་དགོས་པ་སོགས་ཡིན།

 

གསུམ་པ། རང་ཁྱིམ་དུ་སྐུ་མགྲོན་ཕེབས་སྐབས་གུས་ཞབས་ཞུ་སྲོལ་ཐད་མི་རིགས་ཁག་སོ་སོར་ལུགས་སྲོལ་མི་འདྲ་བ་ཡོད་ཅིང་། དེ་མ་ཤེས་པར་རང་གི་མི་རིགས་ཀྱི་ལུགས་སྲོལ་ལྟར་བྱས་ན་རང་ངོས་ནས་གུས་ཞབས་ཡིན་རུང་ཕར་ཕྱོགས་ངོས་ནས་གུས་ཞབས་མེད་པ་ལྟ་བུར་མཐོང་གི་ཡོད་པ་དཔེར་ན་བོད་མི་རིགས་ཀྱི་ལུགས་སྲོལ་ལ་གཡས་གྲལ་ནི་གྲལ་མགོ་དང་གཡོན་གྲལ་ནི་གྲལ་མཇུག་ཡིན་པས་རང་ལས་མཐོ་བའི་སྐུ་མགྲོན་ཞིག་ཕེབས་ན་གུང་གྲལ་ལ་བཞུགས་ཐོག་རང་ཉིད་གཡོན་གྲལ་དུ་སྡོད་དགོས་རྒྱུ་དང་། རང་དང་མཉམ་པའི་སྐུ་མགྲོན་ཞིག་ཕེབས་ན་གུས་ཞབས་མཚོན་བྱེད་དུ་སྐུ་མགྲོན་གཡས་གྲལ་དུ་བཞུགས་སུ་འཇུག་དགོས་པ་ཡིན་རུང་རྒྱ་རིགས་དང་མན་ཇུ་རིགས་ཀྱི་ལུགས་སྲོལ་ནི་དེ་ལས་ལྡོག་སྟེ་གཡོན་གྲལ་ནི་གྲལ་མགོ་དང་གཡས་གྲལ་ནི་གྲལ་མཇུག་ཡིན་སྟབས་དེ་སྔ་བོད་ས་གནས་སུ་བཞུགས་པའི་ཨམ་བན་རྣམས་ཏཱ་ལའི་བླ་མའི་མཛད་སྒོར་ཕེབས་སྐབས་གྲལ་མགོ་གྲལ་མཇུག་གི་ལུགས་སྲོལ་བོད་ལུགས་ལྟར་མ་བྱས་པར་རྒྱ་དང་མན་ཇུའི་ལུགས་སྲོལ་ལྟར་གཡོན་གྲལ་གྱི་མགོར་བོད་བཞུགས་ཨམ་བན་གྱི་ཁྲི་དང་གཡས་གྲལ་གྱི་མགོར་བོད་རྗེ་སྲིད་སྐྱོང་གི་ཁྲི་བརྒྱབ་སྟབས་བོད་ཀྱི་མི་ཚོས་བལྟས་ན་སྲིད་སྐྱོང་གྲལ་མགོ་དང་ཨམ་བན་གྲལ་མཇུག་ཏུ་ཡོད་ཅིང་། རྒྱ་དང་མན་ཇུའི་དཔོན་རིགས་ཚོས་བལྟས་ན་ཨམ་བན་གྲལ་མགོ་དང་སྲིད་སྐྱོང་གྲལ་མཇུག་ཏུ་ཡོད་པར་མཐོང་གི་ཡོད། དེ་བཞིན་མི་རིགས་གཞན་དག་སོག་ཡུལ་དུ་སྐུ་མགྲོན་ལ་ཕེབས་སྐབས་སོག་པོའི་མི་རིགས་ཀྱི་ལུགས་སྲོལ་མ་ཤེས་པར་སྦྱིན་བདག་གི་གྲལ་དུ་སྐུ་མགྲོན་བསྡད་ན་སོག་པོའི་མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་ལ་མ་བརྩིས་པར་མངོན་གྱི་ཡོད་པ་བཅས་སྦྱིན་བདག་གིས་སྐུ་མགྲོན་ལ་གུས་ཞབས་ཞུ་སྟངས་དེ་སྦྱིན་བདག་གི་ལུགས་སྲོལ་ལྟར་བྱེད་དགོས་པ་དང་ཡང་ན་སྐུ་མགྲོན་སོ་སོའི་ལུགས་སྲོལ་ལྟར་བྱེད་དགོས་མིན་ཐད་གནས་ཚུལ་དངོས་དང་བསྟུན་དགོས།

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)