མཚོ་སྔོན་གྱིས་སྲོལ་རྒྱུན་གྱི་དམངས་ཁྲོད་འཚེམ་དྲུབ་རྒྱུན་འཛིན་བྱེད་རིང་གསོན་ཤུགས་གསར་པ་འཕེལ་བ་བྱས་པ།
དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
མཚོ་སྔོན་གྱིས་སྲོལ་རྒྱུན་གྱི་དམངས་ཁྲོད་འཚེམ་དྲུབ་རྒྱུན་འཛིན་བྱེད་རིང་གསོན་ཤུགས་གསར་པ་འཕེལ་བ་བྱས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-07-23 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས། 349

        ལོ་36ལ་སླེབས་པའི་ཀུན་མཚོ་འཚེམ་དྲུབ་རྒྱག་སའི་མདུན་དུ་བསྡད་དེ་ལག་གཡས་པས་འཚེམ་ཁབ་ག་ལེར་བཟུང་ནས་གོམས་ཆ་དོད་པའི་ངང་འཚེམ་དྲུབ་རྒྱག་བཞིན་མཆིས། ཡུལ་ཙམ་སོང་རྗེས། རས་ཐོག་ཏུ་སྔོ་ཞིང་དྭངས་བའི་མཚོའི་ནང་མེ་ཏོག་པདྨ་རབ་ཏུ་བཞད་པ་དང་། ཁྲུང་ཁྲུང་མཇིང་ནག་མཁའ་དབྱིངས་སུ་འཕུར་བཞིན་ཡོད་པའི་རི་མོ་མཛེས་པོ་ཞིག་མངོན།

        ཉེ་ཆར་གཉེར་བའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་འཚེམ་དྲུབ་འགྲན་བསྡུར་ཆེན་པོའི་ཐོག་རྒྱ་རིགས་དང་། བོད་རིགས། ཧུད་རིགས། ཧོར་རིགས། སོག་རིགས། ས་ལར་རིགས་བཅས་མི་རིགས་6གི་འཚེམ་དྲུབ་རྒྱག་མཁན་500ཙམ་ཟི་ལིང་དུ་འཛོམས་ནས་ཧོར་རིགས་ཀྱི་འཚེམ་དྲུབ་རྒྱག་སྟངས་དང་། འཚེམ་དྲུབ་ཐང་ག་བཞེངས་སྟངས། བོད་རིགས་ཀྱི་འཚེམ་དྲུབ་རྒྱག་སྟངས་སོགས་མཚོ་སྔོན་དམངས་ཁྲོད་ཀྱི་འཚེམ་དྲུབ་རྒྱག་སྟངས་སྣ་ཚོགས་བསྟན་ནས་ཀྲུང་གོའི་འཚེམ་དྲུབ་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད།

        ཀུན་མཚོ་ནི“བོད་ཀྱི་འཚེམ་དྲུབ་དར་ཡུལ”ཞེས་སྐད་གྲགས་ཆེ་བའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མང་རྫོང་བྱ་མདོ་ཤང་སྡེ་མང་གྲོང་ཚོ་ནས་ཡིན་པ་དང་། ལོ་10ནས་བཟུང་ཁོ་མོས་ཨ་མ་དང་མཉམ་དུ་བོད་བཟོའི་འཚེམ་དྲུབ་རྒྱག་སྟངས་སྦྱངས་ཤིང་། ཀུན་མཚོས“ཆུང་དུས་འཚེམ་དྲུབ་སྦྱོང་རྒྱུ་ནི་རང་ཉིད་ལ་གྱོན་གོས་བཟོ་བའི་ཆེད་དུ་ཡིན། བོད་ལུགས་ཀྱི་འཚེམ་དྲུབ་རྒྱག་སྟངས་ནི་བོད་རིགས་ཀྱི་བུ་མོས་ཤེས་དགོས་པའི་ལག་རྩལ་ཞིག་ཡིན། གང་ཡིན་ཟེར་ན། ནང་མིར་ཕྱུ་པ་འཚེམ་སྐབས་སྐེད་པའི་མཚམས་སུ་མེ་ཏོག་ཅིག་འཚེམ་དྲུབ་རྒྱག་དགོས་ཀྱི་ཡོད་ལ། རི་མོ་མང་ཆེ་བ་ནི་སྲོལ་རྒྱུན་གྱི་རི་མོའི་བཟོ་ལྟ་ཁོ་ན་ཡིན་ཞེས་བརྗོད།

        ལོ་གསུམ་གྱི་གོང་། ཀུན་མཚོ་མང་རྫོང་རིན་ཆེན་བོད་རིགས་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་སིར་ཞུགས་ནས་ལས་རིགས་འཚེམ་དྲུབ་རྒྱག་མཁན་ཞིག་ཏུ་གྱུར་བས་གསོ་སྦྱོང་དང་སློབ་སྦྱོང་གི་གོ་སྐབས་དེ་བས་མང་བ་ཐོབ། དེ་ནས་བཟུང་ཁོང་མོས་རང་ཉིད་ཀྱི་དཔེ་རིས་འབྲི་སྟངས་ཚོད་ལྟ་བྱས་པས་གསར་གཏོད་ཀྱི་རིག་པ་འཕེལ་ཞིང་། ཀུན་མཚོས“ཁྲུང་ཁྲུང་འཇིང་ནག་ནི་ས་མཐོ་ཁོ་ནར་ཡོད་པའི་ཁྲུང་ཁྲུང་ཞིག་ཡིན་ལ་བོད་རིགས་ཀྱི་སྲོལ་རྒྱུན་དུ་གྲགས་པའི‘གེ་སར་རྟ་རྫི’ཟེར་བ་དེ་ཡིན་པ་དང་། མེ་ཏོག་པདྨ་ལ་དྭངས་གཙང་དང་བློ་གྲོས་ཀྱི་དོན་སྙིང་ལྡན་ཡོད་པས། རི་མོ་དེ་འདྲ་ཞིག་ལས་མཚོ་སྔོན་ས་མཐོའི་རིག་གནས་མཚོན་གྱི་ཡོད། དེ་སྔའི་སྲོལ་རྒྱུན་གྱི་བོད་རིགས་ཀྱི་འཚེམ་དྲུབ་རི་མོ་མང་ཆེ་བ་ཆོས་ལུགས་ཀྱི་རི་མོ་ལས་བྱུང་བ་དང་། ད་ཆ་ང་ཚོས་རང་བྱུང་ཁམས་དང་རྒྱུན་གཏན་གྱི་འཚོ་བའི་ནང་དོན་དང་མཉམ་འདྲེས་ཐུབ་པའི་ཚོད་ལྟ་བྱས་ཏེ་མི་དེ་བས་མང་བས་བོད་ལུགས་ཀྱི་འཚེམ་དྲུབ་ཐོན་རྫས་ལ་དགའ་པོ་ཡོང་བ་བྱེད་ཀྱི་ཡོད་ཅེས་བརྗོད།

        ཀུང་སི་དེའི་ལས་དོན་མི་སྣ་ལྷ་མོ་གཡུ་སྒྲོན་གྱིས་2014ལོར་ཀུང་སི་དེ་བཙུགས་ཚུན། རྒྱལ་ཁབ་དང་ས་གནས་འདི་གའི་སྲིད་གཞུང་གི་རྒྱབ་སྐྱོར་འོག་འཚེམ་དྲུབ་རྒྱག་མཁན་1000ལྷག་ཙམ་ལ་གསོ་སྦྱོང་བྱས་པ་དང་། དེའི་ནང་མི་200ལྷག་ཙམ་ལས་རིགས་འཚེམ་དྲུབ་རྒྱག་མཁན་ལ་གྱུར་ཡོད་པ་དང་། ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར་4000ཟིན་པས་གྲོང་གསེབ་ཀྱི་བུད་མེད་མང་པོར་འཚེམ་དྲུབ་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་བྱུང་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

        ད་ཆ། ན་གཞོན་དེ་བས་མང་བས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་དགའ་པོ་བྱེད་པས། ཟི་ལིང་གི་འཚེམ་དྲུབ་རྒྱུན་འཛིན་པ་ཁྲེན་ཡུས་ཤིའུ་དགའ་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས“ན་གཞོན་མང་དག་ཅིག་གིས་གྱོན་གོས་ཐོག་སྲོལ་རྒྱུན་གྱི་རི་མོ་རྒྱག་རྒྱུར་དགའ་པོ་བྱེད་ཀྱི་ཡོད་ལ། སྲོལ་རྒྱུན་རིག་གནས་དང་སྒྱུ་རྩལ་ལ་དོ་ཁུར་བྱེད་འགོ་ཚུགས་ཡོད”ཅེས་བརྗོད། ད་ཆ། ཁོང་དང་མཉམ་དུ་སློབ་གྲྭ་འབྲིང་ཆུང་གི་སློབ་མ་400ལྷག་ཙམ་ཚུད་པའི་འཚེམ་དྲུབ་སྦྱོང་མཁན་ཆིག་སྟོང་ཙམ་ཡོད་པ་རེད།

        

རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)