རྒྱལ་ཡོངས་སྐབས་18པའི་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ལྷ་ས་ནས་འཚོགས།
དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
རྒྱལ་ཡོངས་སྐབས་18པའི་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ལྷ་ས་ནས་འཚོགས།
རྩོམ་པ་པོ། པད་མ་ཚེ་རིང་། གཡང་མཚོ། དུས་ཚོད། 2018-07-23 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཀློག་གྲངས། 148

       ཟླ7པའི་ཚེས་23ཉིན།   བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་གཙོ་གཉེར་བྱེད་པའི་རྒྱལ་ཡོངས་སྐབས་18པའི་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ལྷ་ས་ནས་འགོ་ཚུགས་པ་དང་།  པེ་ཅིང་དང་བོད་ལྗོངས།  མཚོ་སྔོན།  སི་ཁྲོན།  ཀན་སུའུ།  ཡུན་ནན་བཅས་ནས་ཡོང་བའི་འབྲེལ་ཡོད་ཚགས་པར་ཁང་དང་དུས་དེབ་ཁང་།རྒྱང་བསྒྲགས་བརྙན་འཕྲིན་ཁང་།  དྲ་ཚིགས་སོགས་ཀྱི་བོད་ཡིག་སྨྱན་སྦྱོར་ཚན་པ་41ནས་ཡོང་བའི་འཐུས་མི་72ཚོགས་འདུར་ཞུགས་པ་རེད།


བོད་ལྗོངས་ཏང་ཨུ་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ནེང་ཧྲེང་གིས་གསུང་བཤད་གནང་བ།


བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཧྲུའུ་ཅི།  སྤྱི་ཁྱབ་རྩོམ་སྒྲིག་པ་ལིའོ་ཅ་ཞིང་གིས་གཙོ་གཉེར་བྱེད་མཁན་གྱི་ཚབ་བྱས་ནས་ཤིས་ཚིག་གནང་བ་།


མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཁོངས་མི།  སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན་གྱིས་མཐུན་སྦྱོར་ཚོགས་པའི་ཚབ་བྱས་ནས་ཤིས་ཚིག་གནང་བ།


བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་(སྒྲིག་སྒྱུར་ཅུས)ཀྱི་ཅུས་ཀྲང་གཞོན་པ།  བོད་རང་སྐྱོང་ལྗོངས་བརྡ་གསར་བོད་ཡིག་ཡིག་སྒྱུར་ཚད་ལྡན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་རྒྱལ་གྱིས་ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྐོར་གྱི་བརྡ་གསར་1500ཡོངས་བསྒྲགས་བརྡ་ཁྱབ་བཏང་བའི་གསལ་བཤད་གནང་བཞིན་པ།

       ཐེངས་འདིའི་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུས་ཚགས་པར་དང་དུས་དེབ་ཚོ་ཆུང་དང་།  རྒྱང་བསྒྲགས་བརྙན་འཕྲིན་དང་དྲ་ཚིགས།   སྨྱན་སྦྱོར་གསར་བའི་ཚོ་ཆུང་།   བོད་སྐད་བརྡ་གསར་དཔྱད་ཞིབ་ཚོ་ཆུང་སོགས་བགོས་ནས་བོད་ཡིག་སྨྱན་སྦྱོར་ཚན་པ་སོ་སོའི་དཔྱད་འདེམས་སུ་ཞུགས་པའི་བརྩམས་ཆོས་ལ་དཔྱད་འདེམས་བྱེད་རྒྱུ་རེད།

འགོ་ཁྲིད་རྒན་པ་དང་མགྲོན་པོ་རྣམས་ལ་ཁ་བཏགས་འབུལ་བ།

       ཚོགས་འདུའི་དུས་རིང་དུ།  ཚོགས་ཞུགས་མི་སྣ་རྣམས་ཀྱིས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་སོང་ནས་ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཡོངས་བྱེ་སྐྱོན་འགོག་བཅོས་ཕྱོགས་བསྡོམས་དཔེ་སྟོན་ཁུལ་གྱི་བྱེ་སྐྱོན་འགོག་བཅོས་གྲུབ་འབྲས་དང་།   བསམ་ཡས་གྲོང་རྡལ་གྱི་ཁྱད་ལྡན་གྲོང་ཆུང་འཛུགས་སྐྲུན་གནས་ཚུལ།  གྲ་ཐང་གྲོང་རྡལ་གཡང་དཀར་གྲོང་ཚོའི་བོད་ཞྭ་ཞིང་པའི་མཉམ་ལས་ཁང་།  ལྷ་སའི་དག་ཞིང་ཐོན་ལས་ཆུས་བཅས་སུ་བཅའ་འདྲི་བྱེད་རྒྱུ་རེད།

ཚོགས་འདུའི་ཡུལ་དངོས།

       ཚོགས་འདུའི་ཐོག་ད་དུང་བོད་སྐད་ཡིག་གཙོ་རྒྱུག་སྨྱན་སྦྱོར་གྱིས་གང་འདྲ་བྱས་ན་སྨྱན་སྦྱོར་གསར་པར་ཁྲིད་སྟོན་བྱེད་དགོས་ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་གླེང་སྟེགས་སྤེལ་ཏེ།  གཙོ་རྒྱུག་སྨྱན་སྦྱོར་གྱི་གླེང་ཕྱོགས་ཁྲིད་སྟོན་དང་གཙོ་རྒྱུག་སྨྱན་སྦྱོར་གྱི་རྣམ་པར་འཛུགས་སྐྱོང་།  གཙོ་རྒྱུག་སྨྱན་སྦྱོར་གྱི་མཉམ་འདྲེས་སོགས་ཀྱི་གནད་དོན་ཞིབ་དཔྱད་བྱས་པ་རེད།


ཚོགས་ཞུགས་མི་སྣ་རྣམས་ཀྱིས་མཉམ་པར་ལེན་པ།

       ཟླ7པའི་ཚེས་22ཉིན་དུ་འཚོགས་པའི་རྒྱལ་ཡོངས་སྐབས་18པའི་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུའི་གྲ་སྒྲིག་ཚོགས་འདུ་ནས་ཤེས་རྟོགས་བྱུང་དོན།   རྒྱལ་ཡོངས་སྐབས་19པའི་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཚགས་པར་ཁང་གིས་གཙོ་གཉེར་བྱེད་དེ་རྨ་ལྷོར་ཚོགས་རྒྱུ་རེད།

རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)