ཡང་ཐང་ཆུ་བོའི་མཛེས་ལྗོངས་ཁུལ་དུ་ལྟད་མོ་ཕེབས་པར་དགའ་བསུ་ཞུ།
དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
ཡང་ཐང་ཆུ་བོའི་མཛེས་ལྗོངས་ཁུལ་དུ་ལྟད་མོ་ཕེབས་པར་དགའ་བསུ་ཞུ།
རྩོམ་པ་པོ། མི་གསལ། དུས་ཚོད། 2018-07-29 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 299

ཡང་ཐང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་རྡལ་ཞིག་གི་མིང་ཡིན་ལ།  ས་དམ་དང་ཡང་ན་ཏ་ལིས་ནས་སེམས་ཀྱི་ཉི་ཟླར་ཕེབས་ན་ལམ་བར་ནས་ཡིད་དུ་འོང་བའི་ཡུལ་གྲུ་འདི་མཐོང་ཐུབ།    མཛེས་སྡུག་ལྡན་པའི་སྤང་ཐང་ན་རྟ་ནོར་ལུག་གསུམ་ཐང་མ་བརྡལ་བ་ལྟར་བཀྲམས་ཤིང་།  རི་ལུང་ཀུན་ཏུ་སྔོ་ལྗང་ནགས་ཚལ་གྱིས་ཡོངས་སུ་ཁེངས་ཡོད།   བོད་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་བོད་ཁང་རེ་རེ་གྲལ་འགྲིག་ཅིང་།  ཉེ་འཁོར་ན་གནའ་བོའི་དུས་ནས་བརྒྱུད་པའི་ནས་གདེང་རེ་རེ་ཡང་གསོན་ཉམས་ལྡན་པའི་ངང་ནས་འགྱིང་ཡོད།  ལམ་གྱི་གཡས་གཡོན་དུ་མ་ཎི་རྡོ་འབུམ་བརྩིགས་ཡོད་ལ།  གང་སར་དར་ལྕོག་ལྷབ་ལྷུབ་ཏུ་གཡོ་བ་མཐོང་ཐུབ།  ཡང་ཐང་ཡུལ་གྱི་སྣོད་བཅུད་ཀྱི་བཀོད་པ་ཚར་དུ་དངར་བས།  ཡུལ་འདི་ལ་ཡུལ་སྐོར་དུ་ཡོང་མཁན་སྔར་ལས་ཇེ་མང་དུ་སོང་ཡོད།  ཡང་ཐང་ཆུ་བོ་ནས་ཆུ་གཡེང་བྱེད་པ་ཡང་སྤྲོ་སྣང་རང་བཞིན་ཆེ་ཆེར་ལྡན་པའི་རྩེད་མོ་ཞིག་ཡིན་པས་ཕྱོགས་བཞིའི་་མགྲོན་པོ་རྒྱུན་མ་ཆད་པར་བྱུང་གི་ཡོད་པ་མ་ཟད།  ཟླ་བཅུ་བའི་ནང་སྟག་མའི་མེ་ཏོག་ཡོངས་སུ་བཞད་ཡོད་པས་ཡུལ་འདི་ནི་མེ་ཏོག་གི་འཇིག་རྟེན་ཞིག་ཡིན་ཞེས་བརྗོད་ཀྱང་མི་ཆོག་པ་ཅི་ཡང་མེད།  

 

 

 

 ཡང་ཐང་ཆུ་བོའི་མཛེས་ལྗོངས་ཁུལ་གསར་སྤེལ་བྱས་པ་ནས་བཟུང་།   ཆེས་ཕན་འབྲས་ཐོབ་ས་ནི།  ཡུལ་དེའི་ཞི་བདེ་གྲོང་ཚོ་དང་མཐུན་སྒྲིལ་གྲོང་ཚོའི་གྲོང་མི་ཚོ་ཆུང་དགུ་བོ་ཡིན།    སྔོན་ཆད་ཡིན་ན་ཡུལ་འདིའི་མི་རྣམས་ཀྱིས་རི་ལ་བརྟེན་ནས་འཚོ་བ་རོལ་དགོས་པ་དང་།  དེང་གི་ཆར་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་ཡོང་སྒོ་མང་པོ་ཞིག་འཚོལ་ཐུབ་ཀྱི་ཡོད།  ལྷག་པར་ཡུལ་མི་ཚོས་བོད་ཇ་དང་མར།  རྩམ་པ།  བོད་ཕག་གི་ཤ  ནས་ཆང་།  ཞོ་སོགས་ཀྱི་ཡུལ་ཐོན་ཁྱད་རྫས་མང་པོ་ཞིག་ཐོན་སྐྱེད་བྱས་ཡོད་པས་ཉོ་མཁན་མང་དུ་བྱུང་ཡོད།  སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་བ་དང་རང་ཉིད་ལ་འབད་བརྩོན་ལ་བརྟེན་ནས་ད་ལྟའི་ཆར་ས་གནས་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཅི་རིགས་ཐེབས་ནས་འཚོ་བའི་ཆུ་ཚད་སྔར་ལས་ཇེ་བཟང་དུ་སོང་ཡོད། 

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)