སྨྱན་སྦྱོར།ཞེས་པའི་ཐ་སྙད་གསར་བཟོའི་བསམ་བློ་དེ་ནོར་འཁྲུལ་ཞིག་རེད།
དབུ་ཤོག >> བོད་ཀྱི་རིག་གནས། >> སློབ་གསོ། >> སློབ་གསོའི་རིགས་གཞུང་།
སྨྱན་སྦྱོར།ཞེས་པའི་ཐ་སྙད་གསར་བཟོའི་བསམ་བློ་དེ་ནོར་འཁྲུལ་ཞིག་རེད།
རྩོམ་པ་པོ། ཕུན་ཚོགས། དུས་ཚོད། 2018-07-31 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 41

སྨྱན་སྦྱོར། ཞེས་པའི་ཐ་སྙད་གསར་བཟོའི་བསམ་བློ་

                   དེ་ནོར་འཁྲུལ་ཞིག་རེད། །

 

                         ཐུབ་བསྟན་ཕུན་ཚོགས།  

 

དབྱིན་སྐད། Media

རྒྱ་སྐད། 媒体

བོད་སྐད། མོལ་ཐིག་འཕྲིན་སྦྱོར།

 

 

དབྱིན་ཇིའི་སྐད་དང་མི་འབྲེལ་ཞིང་། །

བོད་ཀྱི་སྐད་དུ་གོ་དཀའ་བའི། །

རྒྱ་ཡིག་རྙིང་པའི་དོན་འཚོལ་ནས། །

བོད་སྐད་གསར་བཟོ་སྨྱོན་པའི་ལས།།

 

     ཉེ་ཆར་སི་ཁྲོན་ཞིང་ཆེན་དྲིལ་བསྒྲགས་པུའི་གངས་ལྗོངས་ཉི་གཞོན་སྤྱི་ཁྱབ་རྩོམ་སྒྲིག་པ། སྐུ་ངོ་དཀོན་མཆོག་རྡོ་རྗེས། རྒྱ་ཡིག་གི་ 媒体ཞེས་པ་དེ་ལ་ང་ཚོས་འཕྲིན་སྦྱོར་ཞེས་བསྒྱུར་ཡོད་གསུངས་པ་ནི་རྒྱུན་སྤྱོད་ཀྱི་བོད་སྐད་དང་མཐུན་པ་ཞིག་ཡིན་པ་མ་ཟད་དབྱིན་སྐད་ཀྱི་ Media ཞེས་པའི་མིང་ཚིག་གི་དོན་དང་ཁ་ཕྱོགས་མཐུན་པ་ཞིག་རེད། དེས་ན་མ་འོངས་པར་བོད་སྐད་གཅིག་གྱུར་ཡོང་ཆེད་དང་།  བོད་མི་ཚང་མས་གོ་ཇེ་བདེ་རུ་འགྲོ་བའི་ཆེད་དུ་མོལ་ཐིག་འཕྲིན་སྦྱོརཞེས་གཅིག་གྱུར་བྱས་ན་ལེགས་པར་སེམས། །

      འོ་ན་Media ཞེས་པ་དང་འཕྲིན་སྦྱོར་དོན་གཅིག་ན།   མོལ་ཐིག་ཅེས་སྦྱར་བ་ལ་དགོས་པ་གང་ཡོད་ཅེ་ན།    འདིར་Media དང་འཕྲིན་སྦྱོར་གཉིས་ཁ་ཕྱོགས་ཙམ་འདྲ་བ་ལས།   ནང་དོན་གྱི་ཆ་ལ་གནམ་སའི་བར་ཙམ་གྱི་ཁྱད་པར་ཡོད་པ་སྨྲོས་མ་དགོས་པ་རེད།   འཕྲིན་སྦྱོར་ཞེས་པ་བོད་སྐད་རྙིང་པ་ཡིན་སྟབས་སྤྱིར་ཕན་ཚུན་བརྡ་སྦྱོར་བའི་འཕྲིན་པ་ཙམ་གྱི་གོ་དོན་ཞིག་དང་།  དེང་རབས་འཛམ་གླིང་གི་ཐ་སྙད་གསར་པ་གཉིས་དོན་གཅིག་པ་གཅིག་རྐྱང་ཞིག་ཡོང་ཐབས་མེད་པ་ནི་ཤེས་སླ།    དབྱིན་ཇིའི་སྐད་དུ།       Media ཞེས་པ་དེ་དབྱིན་སྐད་རང་གི་ནང་ནའང་བསམ་བློ་གསར་པའིཐ་སྙད་ཅིག་ཡིན་སྟབས་བོད་སྐད་ལྟ་ཅི།    རྒྱ་སྐད་ནང་ལའང་དེ་ལྟ་བུའི་བསམ་བློ་དང་གོ་དོན་མེད་པས།  དབྱིན་ཇི་སྐད་ལས་གཡར་ཚིག་གསར་པ་媒体ཟེར་བ་དེ་བཟོ་དགོས་པར་བྱུང་བ་རེད།      དེས་ན་ཐ་སྙད་རྙིང་པ་འཕྲིན་སྦྱོར་ཁོ་ནས་ Media  དོན་སྟོན་མི་ཐུབ་པ་ནི་ཟུར་བལྟས་ལེབ་མཐོང་རེད།   འདི་ལ་་མོལ་ཐིག་འཕྲིན་སྦྱོར་  ཟེར་ན་དམིགས་བསལ་གྱི་འཕྲིན་ལམ་སྐོར་གྱི་ཐ་སྙད་གསར་པ་ཞིག་ཆགས་སྟབས།     དེ་ལ་Media  སྐོར་གྱི་འགྲེལ་བཤད་རྣམས་སྦྱར་ཆོག་པ་ཞིག་རེད།   །

 

           媒体ཁ་བྱང་དང་པོ།  

 

གོང་གསལ་གངས་ལྗོངས་ཉི་གཞོན་གྱི་གསར་འགྱུར་འདི་ནི་བལྟས་པ་ཙམ་གྱིས་ཚོགས་འདུའི་ནང་དོན་ཧ་ལམ་གོ་ཐུབ་པའི་གསར་འགྱུར་གྱི་ཁ་བྱང་ཞིག་རེད།  །

 

           媒体ཁ་བྱང་གཉིས་པ།

 

གོང་གི་ཁ་བྱང་འདི་ལ་རྒྱ་ཡིག་མེད་ན།  སྤྱི་བཏང་སློབ་གྲྭ་བ་ཞིག་གི་ཚོགས་འདུའི་འདིའི་དོན་གང་ཡིན་མི་ཤེས་པར་ཐག་ཆོད།   ང་ཚོས་བལྟས་ན་འཁྲིག་སྤྱོད་དང་འབྲེལ་བ་ཡོད་པའི་ཚོགས་འདུ་ཞིག་ཡིན་པ་གོ་ངེས་ཏེ།  སྨྱན།  ཞེས་པ་འདུལ་བ་ལས།  དགེ་འདུན་ལྷག་མའི་སྡེ་བཅུ་གསུམ་གྱི་ནང་ཚན།  སྨྱན་བྱེད་པའི་ལྷག་མ་ནི།  འཕྲིན་ལན་གསུམ་བསྐྱལ་བའི་སྒོ་ནས་སྔར་མི་མཐུན་པའི་སྐྱེས་པ་དང་བུད་མེད་འཁྲིག་པ་བསྟེན་པ་ལ་མཐུན་པར་སྦྱར་བའོ།  ཞེས་སྨྱན་གྱི་ཚིག་དོན་ནི་འཁྲིག་པ་སྤྱོད་པ་ལ་མཐུན་རྐྱེན་སྟེར་བའི་དོན་ཡིན་པ་གསལ་པོར་བཤད་ཡོད་བཞིན་དུ།  འདིར་གསར་འགྱུར་ལས་ཀ་ལ་སྦྱར་དགོས་པའི་རྒྱུ་མཚན་གང་ཡོད།  །

     ཁོ་བོས་« བོད་ཡིག་ཚིག་གཏེར་རྒྱ་མཚོ » ལས། མོལ་ཐིག་ཅེས་བྲིས་ཤིང་དེའི་འགྲེལ་བཤད་དུ། དབྱིན་སྐད་དུ། Media ཞེས་དང་། རྒྱ་སྐད་དུ། 媒体ཟེར་བ་དེ་ཡིན། །

              Media

    དབྱིན་སྐད་དུ་དེའི་དོན་ནི། གསར་འགྱུར་གྱི་རིགས་ཡོངས་རྫོགས་ཅི་མགྱོགས་ཀྱིས་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱེད་སའི་སྟེགས་བུ་དང་། ཁྱབ་བསྒྲགས་ཀྱི་སྒོ་ཆེན་འབྱེད་པའི་ལྡེའུ་མིག་ལྟ་བུ་ཞིག་ཡིན། མོལ་ཐིག་ལ་དབྱེ་ན།    ༡ ཚགས་པར་དང་། ༢ རླུང་འཕྲིན། ༣ བརྙན་འཕྲིན། ༤ དབྱིངས་ཐེར་དྲྭ་རྒྱ། ༥ དུས་དེབ། ༦ གློ་བཟུང་ཁ་པར་བཅས་རིགས་དྲུག་ཡོད་པ་རེད། མོལ་ཐག་གི་བྱེད་ལས་ནི། གནས་ཚུལ་གསར་པ་གང་བྱུང་ཐམས་ཅད་སྐད་ཅིག་གིས་སྤྱི་ཚོགས་ཡོངས་ལ་ཁྱབ་བདལ་དུ་བསྒྲག་ཐུབ་པའི་དྲ་བའི་ཐག་པ་ལྟ་བུ་ཞིག་ཡིན། གླེང་མོལ་གང་ཞིག་བྱེད་པའི་དོན་རྣམས་ཕན་ཚུན་མྱུར་དུ་སྐྱེལ་ཐུབ་པའི་དྲ་བའི་ཐག་པ་དང་འདྲ་བས་ན་བྱེད་ལས་ཀྱི་སྒོ་ནས་བཏགས་པའི་མིང་ཡིན་ཞེས་གསལ།   །

      རྒྱུ་མཚན་དེས་ན། ཁོ་བོས་བོད་ཡིག་ཚིག་གཏེར་རྒྱ་མཚོའིནང་དུ།   རྒྱ་ཡིག་གི་མིག་ཚིག་གསར་པ་བཟོ་སྟངས་ལ་དཔེར་བལྟས་ནས།  མོལ་ཐིག་ཅེས་བྲིས་ཡོད།  “ མོལ  དབྱིན་ཇིའི་སྒྲ་དང་འདྲ་ལ།  བཤད་པའི་དོན་ཡང་ཡོད་པ་དང་།   ཐིག་ནི་དྲ་བ་འབྲེལ་བྱེད་ཀྱི་ཐིག་གུའམ་ཐག་པ་ལྟ་བུ་གསར་འགྱུར་ལས་སྣེ་རྣམས་ཕན་ཚུན་འབྲེལ་བྱེད་ཀྱི་དོན་ལ་སྦྱར་འོས་པ་ཞིག་རེད།  

   གངས་ལྗོངས་ཉི་གཞོན་ནང་འཕྲིན་སྦྱོར་ཞེས་བྲིས་ཡོད་པ་དེ་མཐོང་བ་ཙམ་གྱི་གསར་འགྱུར་དང་འབྲེལ་བ་ཡོད་པ་གོ་ཐུབ་ཅིང་།   དེ་ལ་མོལ་ཐིག་ཅེས་སྦྱར་ན་དེང་རབས་གསར་འགྱུར་དང་འབྲེལ་བ་ཡོད་པའི་ཐ་སྙད་གསར་པ་ཞིག་ཡིན་པའི་ཚོར་བ་སྟེར་ནུས།   སྤྱིར་བོད་སྐད་དུ།   འཕྲིན་སྦྱོར་ཞེས་པ་རྒྱལ་པོ་ལ་སོགས་དཔོན་རིགས་རྣམས་ཀྱིས་གཏོང་བའི་བཀའི་འཕྲིན་ཡིག་སྐྱེལ་བ་དང་།   གཞན་ཡང་མིའི་ལུས་ཕྱི་ནང་སྟོད་སྨད་བར་གསུམ་དང་།  དོན་ལྔ་སྣོད་དྲུག་རྣམས་ཀྱི་གནས་སྨན་པ་ལ་བརྡ་སྦྱོར་བའི་འཕྲིན་པ་ནི་རྩ་ཆུ་རྣམ་ཡིན་པའི་འགྲེལ་བཤད་ཡོངས་གྲགས་ཡོད་སྟབས།   འཕྲིན་སྦྱོར་ཞེས་མཐོང་བ་ཙམ་གྱིས་གནས་ཚུལ་གསར་པ་ཕན་ཚུན་སྐྱེལ་བའི་དོན་ཡིན་པ་བོད་སྐད་སྨྲ་བ་ཀུན་གྱིས་གོ་ནུས།   །

སླད་ནས་« བོད་ཡིག་ཚིག་གཏེར་རྒྱ་མཚོ » ནང་མོལ་ཐིག་འཕྲིན་སྦྱོརཞེས་ལེགས་བཅོས་བྱ་རྒྱུ་ཡིན། །

 

              媒体

  རྒྱ་སྐད་ཀྱི་བྱུང་ཁུངས་དང་དེའི་བསམ་བློ།

   རྒྱ་སྐད་དུ་媒体འགྲེལ་བཤད་ནི། པེ་ཏུའི་ཐ་སྙད་འགྲེལ་བཤད་ལས། 媒体(传播信息的媒介。它是指人借助用来传递信息与获取信息的工具、渠道、载体、中介物或技术手段。也可以把媒体看作为实现信息从信息源传递到受信者的一切技术手段。媒体有两层含义,一是承载信息的物体,二是指储存、呈现、处理、传递信息的实体。

    “媒”是“女”字旁,《诗·卫风·氓》中有“匪我愆期,子无良媒”,古语又讲天上无云不下雨,地上无媒不成婚。可见,很早之前,“媒”主要是在男女婚嫁中起传情达意的中介作用。

   མདོར་བསྡུས་ན། རྒྱ་སྐད་ཀྱི་དོན་ནི། 媒体ཞེས་པ་དབྱིན་སྐད་ཀྱི་མིང་ཚིག་ལས་གཡར་བའི་སྒྲ་འདྲ་བ་ཡིན་པ་མ་ཟད། དེའང་“媒”ཞེས་པའི་ཡི་གེའི་དོན། གནའ་བོའི་རྒྱ་སྐད་ཀྱི་ནང་དོན་ལས་ཕོ་མོའི་བར་བརྡ་འཕྲིན་སྐྱེལ་བའི་ཐ་སྙད་ཅིག་ཡིན་པ་དང་། ཚོགས་པའི་དོན་ཡིན་སྟཔས། ནང་དོན་ལའང་བརྡ་འཕྲིན་སྐྱེལ་བའི་ཚོགས་པའི་དོན་ཡོད་པས་ན། སྒྲ་དོན་གཉིས་ཀ་དབྱིན་ཇིའི་ཡི་གེ་དང་འདྲ་བའི་ཐ་སྙད་གསར་པ་ཞིག་ཡིན་ཟེར། །

     བོད་སྐད་དུ་གོ་མི་བདེ་བའི་ཚིག་སྐྱོན།

         མིག་སྔར་ཡིག་ཆ་འགའ་ཞིག་ལས། 媒体ལ་སྨྱན་སྦྱོར་ཞེས་བསྒྱུར་ཞིང་། སྨྱན་ནི་གནའ་བོའི་འདུལ་བའི་ཐ་སྙད་དུ། དགེ་ཚུལ་སློང་རྣམས་ཀྱིས་ཕོ་མོའི་འཁྲིག་སྤྱོད་ལ་མཐུན་རྐྱེན་གྱི་ཆེད་དུ་འཕྲིན་སྐྱེལ་བའི་སྡོམ་པ་ལྷག་མའི་ཉེས་སྐྱོན་ཡིན་པས།   རྒྱ་ཡིག་བརྡ་རྙིང་ དང་དོན་འདྲ་བས་དེ་ལྟར་བསྒྱུར་བར་བཤད་འདུག །

 

 

སྨྱན་སྦྱོར་ཞེས་པ་འདིའི་དོན་སྤྱི་བཏང་བོད་རིགས་ཚོས་ཧ་གོ་མི་སྲིད།  གལ་སྲིད་གྲྭ་པ་མཁས་པ་ཡིན་ན་དགེ་སློང་གི་ལྷག་མའི་ཉེས་བྱེད་ཕོག་པའི་གྲྭ་པ་ཞིག་ལ་གོ་བ་ལས།  གསར་འགྱུར་ལས་ཀ་བྱེད་མཁན་ལ་ནམ་ཡང་གོ་མི་སྲིད།  

      

འདིར་དེང་རབས་ཀྱི་བོད་སྐད་མིང་ཚིག་གསར་པ་བཟོ་བ་ལ་གནའ་བོའི་རྒྱ་སྐད་ཀྱི་བསམ་བློའི་རིག་གནས་རྙིང་པ་དང་འབྲེལ་དགོས་པའི་རྒྱུ་མཚན་གང་ཡང་མི་འདུག །

      བསམ་བློ་འདི་ལྟ་བུའི་སྒོ་ནས་བོད་ཀྱི་སྐད་ཡིག་བསྒྱུར་བཅོས་བྱས་ན། མ་འོངས་པར་བོད་དང་བོད་ཀྱི་རིག་གནས་བར་ཐག་ཇེ་རིང་དུ་འགྲོ་ངེས། དཔེར་ན། དེང་དུས་བོད་ཡུལ་ཁག་གཅིག་ལ་རྒྱ་ནག་གི་ཞིང་རྩིས་ལོ་སར་ལ་བོད་ཀྱི་ལོ་སར་ཡིན་ཤག་ཤག་བྱེད་མཁན་གྱི་བསམ་བློ་བཞིན་ནོ།  །

      དེས་ན་སྨྱན་ཅེས་པའི་ཡི་གེ་དེ་ཐ་སྙད་ཀྱི་མ་ཡིགདབྱིན་སྐད་དང་སྒྲ་དོན་གཉིས་ཀྱི་ཆ་ནས་འབྲེལ་བ་ཅི་ཡང་མེད་པ་མ་ཟད་བོད་སྐད་ལའང་བེད་སྤྱོད་མེད་པའི་ཡི་གེ་ཞིག་རྒྱང་རིང་ནས་བསྐོར་བ་ཐེངས་གཅིག་བྱས་ཏེ་མཐར་གནའ་བོའི་རྒྱ་སྐད་རྙིང་པ་ཞིག་དང་དོན་འདྲ་བ་བྱེད་དགོས་པ་ལ་རྒྱུ་མཚན་གང་མ་མཐོང་།   བསམ་བློ་འདི་ལྟ་བུའི་ཁྱེར་སོའི་སྒོ་ནས་བོད་སྐད་ཀྱི་ཐ་སྙད་གསར་བཟོ་བྱས་ན། བོད་ཀྱི་ལོ་རྒྱུས་ལ་སྔར་ཟིན་མྱོང་པའི་གདོན་ནད་ལྟར་མ་འོངས་པར་བོད་ཀྱི་རིག་གནས་ཀྱི་བྱུང་ཁུངས་དེ་རྒྱ་དཀར་ནག་གཉིས་པོ་གང་རུང་ལས་མེད་པའི་འགྲེལ་བཤད་ཅིག་ཆགས་ངེས། །

     སླད་ནས་ཐ་སྙད་གསར་པ་བཟོ་སྐབས་བོད་རང་གི་རིག་གནས་དང་བསྟུན་ཅི་ཐུབ་དགོས་ཤིང་། གལ་སྲིད་གཞན་སྐད་ཀྱི་གཡར་ཚིག་དགོས་ན་མ་སྐད་རྒྱ་སྐད་དང་། དབྱིན་སྐད་གང་ཡིན་དེའི་སྒྲ་དོན་དང་ཉེ་བ་ཞིག་བཙལ་ནས་དེ་ལ་འགྲེལ་བཤད་གནང་དགོས་པ་ནི། དཔེར་ན། རྒྱ་སྐད་ཀྱིས་དབྱིན་སྐད་ཐ་སྙད་བེད་སྤྱོད་བྱེད་སྟངས།  媒体、幽默、浪漫、ལ་སོགས་པ་ལ་དཔེར་བལྟས་ན་འཐུས་པར་སེམས། །

 

ཁ་ནས་བོད་སྐད་གཅིག་གྱུར་འབོད།  །

དོན་ལ་རང་འདོད་གསེར་ལས་བྲིན།  །

མཐུན་སྦྱོར་ཚོགས་འདུ་བཅོ་བརྒྱད་མཐར།  །

མོལ་ཐིག 媒体སྡེ་པ་བཅོ་བརྒྱད་གྱེས།  །

 

དཔྱད་རྩོམ་འདི་ཡི་དགེ་བ་ཡིས།  །

རང་འདོད་ང་རྒྱལ་ཉེ་ཞི་ཞིང་།  །

རང་སྐད་གསར་པའི་ཐ་སྙད་རྣམས། །

གཅིག་གྱུར་བསམ་བློ་སྐྱེ་བར་སྨོན།  །

 

    ཞེས་བོད་ཀྱི་བརྡ་དག་སྨྲ་བའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས་སྤྱི་ལོ་༢༠༡༨ལོའི་ཟླ་བ་༧པའི་ཚེས་༢༥ཉིན་ཆིང་ཁྲེན་རི་བོའི་ཞོལ་དུ་ཆིང་ཡོན་མགྲོན་ཁང་ནས་སྤྲིངས་སོ། །གལ

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)