བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་བསམ་གཞིགས་ཐོར་བུ།
དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> དེང་རབས་རྩོམ་རིག
བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་བསམ་གཞིགས་ཐོར་བུ།
རྩོམ་པ་པོ། ནོར་བུ་བསམ་འཕེལ། དུས་ཚོད། 2018-08-03 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 30

        སྤྱིར་བོད་ཀྱི་རྩོམ་རིག་གི་རྟགས་དང་མཚན་མར་ངོས་འཛིན་བྱེད་ལུགས་མི་འདྲ་བ་མང་དག་ཅིག་ཡོད་ལ། དེང་རབས་རྩོམ་རིག་གི་དུས་མཚམས་དབྱེ་སྟངས་ཐད་ལའང་བསམ་ཚུལ་འདོད་སྟངས་འདྲ་མིན་སྣ་ཚོགས་ཤིག་ཡོད་མོད། སྐབས་འདིར་ཐ་སྙད་འདི་སྤྱད་པ་ནི་ཡུལ་དུས་གནས་བབ་དང་རྩོམ་རིག་རང་ངོས་ཀྱི་བླང་བྱ་གཉིས་གཞི་གཅིག་ཏུ་སྦྲེལ་བའི་དགོས་དབང་གིས་མིག་སྔའི་བོད་ཀྱི་བོད་ཡིག་རྩོམ་རིག་གི་གནས་སྟངས་དང་འཕེལ་ཕྱོགས་ལ་དམིགས་ནས་སྦྱར་བའི་བརྡ་རྩམ་ཞིག་ཡིན་པ་མ་གཏོགས། བོད་ཀྱི་རྩོམ་རིག་གི་གདགས་གཞི་གྲུབ་ལུགས་དང་དེ་འབྱུང་འཕེལ་གྱི་ལོ་རྒྱུས་ལ་སྦྱར་བའི་ངོ་བོའི་ཐ་སྙད་ཅིག་མ་ཡིན།

གཅིག

        དེ་ལྟར་གང་སྤྱད་པའི་ཐ་སྙད་ཀྱི་གོ་ཡུལ་ལ་གསལ་ཁ་ཐོབ་ཕྱིན། ད་ནི་རྩོམ་གྱི་དཀྱུས་ལ་འཇུག་པར་བྱ་སྟེ། དེ་ཡང་བོད་ཀྱི་དེང་རབས་རྩོམ་རིག་ཇི་ལྟར་འཕེལ་རྒྱས་གཏོང་བའི་སྐོར་ལ་བསམ་གཞིགས་བྱེད་ན། ངེས་པར་དུ་བོད་ཀྱི་རྩོམ་རིག་གི་ད་ལྟའི་གནས་སྟངས་དང་གོ་བབ། རྩོམ་རིག་རང་ངོས་ཀྱི་རང་བཞིན་དང་ཆོས་ཉིད། དེ་གོང་ནས་གོང་དུ་སྤེལ་བ་ལ་མཁོ་བའི་ནང་རྒྱུ་དང་ཕྱི་རྐྱེན། མི་རིགས་གཞན་ནམ་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་གི་འཕེལ་ཁ་སོགས་ལ་རྒྱུས་མངའ་ཅུང་ཞིབ་པ་ཞིག་བྱུང་བའི་རྨང་གཞིའི་ཐོག་བསམ་བློ་ཆ་གང་ཚང་ཞིག་གཏོང་དགོས་པ་ནི་བཀོད་པ་གནད་ལ་ཕིག་པ་ཞིག་ཡོང་བར་མེད་དུ་མི་རུང་བའི་སྔོན་འགྲོའི་ཆ་རྐྱེན་རེད། 

        བཅིངས་བཀྲོལ་བཏང་རྗེས་སམ་དམངས་གཙོའི་བཅོས་བསྒྱུར་བྱས་ཚུན་དང་། ལྷག་པར་དུ་མི་བཞིའི་ངན་ཚོགས་ཐལ་བའི་རྡུལ་དུ་བརླགས་ཏེ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་ཐེངས་གསུམ་པའི་དྲོད་འཇམ་ཉི་ཟེར་གངས་རིའི་ལྗོངས་སུ་འཕྲོས་པ་ནས་བཟུང་། དུས་སྐབས་གསར་པའི་བོད་ཀྱི་རྩོམ་རིག་བྱ་གཞག་ཀྱང་ཡུན་གྱིས་སྐམ་པའི་དོག་མོ་ས་ལ་སྦྲང་ཆར་སིལ་མའི་བདུད་རྩིས་བྲན་པ་ལྟར་སྐྱེ་སྟོབས་ཀྱི་གསོན་ཤུགས་ལྷག་ཏུ་འབར་བའི་རིག་པའི་ཤ་མོ་གཅིག་མཇུག་གཉིས་མཐུད་ལྷང་དུ་ཕུད་དེ། དབྱར་གྱི་མཚོ་མོ་རྒྱས་པའམ་ཡར་ངོའི་ཟླ་ལ་འགྲན་པ་ལྟར་གོང་ནས་གོང་དུ་འཕེལ་བའི་འབྲས་བུ་གཡུར་དུ་ཟ་བ་ཞིག་ཐོབ་ཡོད་པ་ནི་ཀུན་གྱི་མཐོང་ཆོས་སུ་གྲུབ། དེ་ནི་མི་རྣམས་ཡིད་དགའ་སྤྲོ་བརྟས་སུ་བྱེད་པ་ཞིག་རེད། 

        ཡིན་ནའང་། བོད་ཀྱི་རྩོམ་རིག་ལ་མི་སེམས་འགུལ་བའི་འཕེལ་རྒྱས་བླ་ན་འཕགས་པ་ཞིག་ཐོབ་པ་དང་ཆབས་ཅིག་སྤུན་ཟླའི་མི་རིགས་ཁག་གམ་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་བྱ་གཞག་སྤྱི་ཡང་རང་སོར་ང་ཚོ་སྒུག་ནས་བསྡད་པ་མ་ཡིན་པར་མདུན་ནས་མདུན་ནམ་གོང་ནས་གོང་དུ་འཕེལ་ཡོད་པ་མ་ཟད། འབོར་སྤུས་གཉིས་ཐད་ནས་ང་ཚོ་ལས་རྒྱང་གིས་འཕགས་པ་ཙམ་དུ་ཡོད་པས། གཟུ་བོའི་བློ་ཡིས་བརྟག་ཅིང་དཔྱད་ན་ང་ཚོ་དང་ཁོང་ཚོའི་བར་གྱི་ཧེ་བག་དེ་ཆུང་དུ་ཕྱིན་པའི་སྣང་བ་ཞིག་ཤར་དུ་དཀའ། ཡང་ན། རྩོམ་རིག་གི་འཕེལ་རྒྱས་དེ་གང་ལ་བརྟེན་པའི་གཞིའམ་རྩ་བ་དེ་སྐབས་སོ་སོའི་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སློབ་གསོ་སོགས་ཀྱི་འཕེལ་ཚད་དམ་རྨང་གཞིར་བཅོལ་བའམ་གཏུག་དགོས་ཀྱི་ཡོད་ཕྱིན། དུས་སྐབས་གསར་པའི་བོད་ཀྱི་རྩོམ་རིག་ལ་དབྱར་མཚོ་རྒྱས་འདྲའི་འཕེལ་རྒྱས་བྱུང་བའང་གནད་དེ་ལས་མ་འདས། དེས་ན། དུས་སྐབས་གསར་པའི་བོད་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སློབ་གསོ་སོགས་ལ་འཕེལ་རྒྱས་བླ་ལྷག་ཐོབ་པ་དེས་དུས་སྐབས་གསར་པའི་བོད་ཀྱི་རྩོམ་རིག་ལ་སྔ་ན་མེད་པའི་གོང་འཕེལ་འབྱུང་བར་རྨང་གཞི་སྲ་ཞིང་བརྟན་པ་ཞིག་དང་། ཆ་རྐྱེན་འོས་ཤིང་འཚམ་པ་ཞིག་སྐྲུན་ཡོད་ལ། དེ་དང་ཆབས་ཅིག་སྔར་དང་མི་འདྲ་བའི་བླང་བྱ་གསར་པ་དང་རེ་བ་མཐོ་པོ་ཞིག་ཀྱང་བཏོན་ཡོད་པ་རེད། 

        གང་ལྟར། འཕེལ་རྒྱས་ནི་ལྟོས་བཅས་སུ་གྲུབ་པ་ཞིག་ཡིན་པས། ལྟོས་ས་ལྟོས་འཇོག་གི་དབང་གིས་འཕེལ་རྒྱས་ལ་གོ་བ་དང་ངོས་འཛིན་མི་འདྲ་བ་རེ་ཐོབ་རྒྱུ་ཡོད་དེ། གཞུང་ཐིག་ལྟར་ན་མིག་སྔའི་བོད་ཀྱི་རྩོམ་རིག་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་དགའ་བར་འོས་པ་ཞིག་ཐོབ་ཡོད་པ་མངོན་གསལ་རེད་ལ། གྲུབ་འབྲས་དེས་ང་ཚོར་མུ་མཐུད་མདུན་ནས་མདུན་དུ་བསྐྱོད་པའི་སྒུལ་ཤུགས་དང་སྤོབས་པ་གཟེངས་སུ་མཐོ་བ་ཞིག་སྟེར་གྱི་ཡོད་པའང་བསྙོན་དུ་མེད་པ་དང་། འཕྲེད་ཐིག་ལྟར་ན་ད་བར་ང་ཚོར་ཐོབ་པའི་གྲུབ་འབྲས་དེའང་འཕེལ་རྒྱས་ཆ་འདྲ་བ་ཙམ་ལས་མིང་དོན་མཚུངས་ཤིང་བློ་ཡིད་ཚིམ་པ་ཞིག་ནི་མ་ཡིན་ཏེ། ང་ཚོར་ཐོབ་པའི་གྲུབ་འབྲས་དེས་ང་ཚོ་དང་སྤུན་ཟླའི་མི་རིགས་སམ་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་བར་གྱི་ཧེ་བག་དེ་ཆུང་དུ་གཏོང་ཐུབ་མེད་པ་དང་། གོང་འཕེལ་ཕྱིན་པའི་བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་གྱི་བླང་བྱ་དང་དེ་ཙམ་མི་འཚམ་པ། ཡར་རྒྱས་སོང་བའི་བོད་ཀྱི་མགོ་ནག་མི་ཡི་བསམ་པའི་དགོས་མཁོ་ཇི་བཞིན་སྐོང་ཐུབ་ཀྱི་མེད་པ་བཅས་ཀྱི་ཕྱིར། དེས་ན། སྔ་ཕྱི་བསྡུར་བའི་གྲུབ་འབྲས་ཀྱིས་ཡིད་མྱོས་ཏེ་ཉི་མ་ལྡེ་བཞིན་སྐྱིད་ཉལ་རྒྱག་པའི་འོས་སུ་མི་ཆེ་ལ། ཕྱི་ནང་གཡས་གཡོན་བསྡུར་བའི་ནོང་འགྱོད་ཀྱིས་ཡིད་མུག་སྟེ་མགོ་བོ་སྨད་ཅིང་སྒྱིད་པ་སྐྱུར་བའི་སྐལ་བའང་ཡོད་རེ་སྐན། སྐབས་སུ་བབ་པ་ནི་མིག་རྒྱང་རིང་དུ་བསྲིང་ཞིང་བསམ་གཞིགས་ཀྱི་འཁོར་ལོ་ལེགས་པར་བསྐོར་ཏེ། ཐབས་དང་ཤེས་རབ་རྩལ་དུ་སྤྲུག་ནས་མདུན་བསྐྱོད་ཀྱི་ལམ་བུ་ཞིག་བཤང་ཐུབ་པ་བ་རྒྱུ་དེ་རེད།

གཉིས།

        གོང་དུ་སྨོས་པ་ལྟར། ཉེ་བའི་མི་ལོ་ཉི་ཤུ་ལྷག་ཙམ་རིང་ང་ཚོ་བོད་ཀྱི་རྩོམ་རིག་ལ་རྒྱལ་ཡོངས་སྤྱི་དང་འདྲ་བར་འཕེལ་རྒྱས་ཆེན་པོ་ཐོབ་ཡོད་པ་གཞིར་བཅས་པའི་རྨང་གཞིའི་ཐོག ད་དུང་མ་འདང་ས་དང་མུ་མཐུད་ཤུགས་སྣོན་རྒྱག་དགོས་པའི་ཕྱོགས་སམ་གནད་ཀྱང་མང་ཙམ་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་རེད་ལ། ལྷག་པར་བོད་ཡིག་རྩོམ་རིག་གི་གནས་བབ་ཉམས་ཞན་ཙམ་ཡིན་པ་ནི་དེ་བས་མངོན་གསལ་དོད་པ་ཞིག་རེད། ནམ་རྒྱུན་ང་ཚོས་གནད་དོན་དེའི་སྐོར་གླེང་སྐབས་ཀློག་པ་པོ་མང་པོ་ཞིག་གིས་ཕངས་ཉམས་དང་བཅས་འདོད་བློ་མ་ཁེངས་པའི་རྣམ་འགྱུར་ཡིད་ཕམ་པ་ཞིག་སྟོན་གྱི་འདུག་ལ། རྩོམ་པ་པོ་སོགས་རྩོམ་རིག་གི་ལས་ལ་ཞུགས་པ་མང་པོ་ཞིག་གིས་ནི་བོད་ཡིག་རྩོམ་རིག་ལ་ཁྲོམ་རྭ་མེད་པ་སྟེ། ཀློག་པོ་པོའི་དཔུང་ཁག་རྒྱ་ཆེན་པོ་ཞིག་མེད་པས་རྩོམ་གྱི་རིན་ཐང་ཐོན་མི་ཐུབ་པར་སྙམ་ཏེ་ཉོབ་མདངས་སྟོན་པ་དང་། ཁ་ཅིག་གིས་ཐ་ན་འཐབ་ས་བསྒྱུར་ཏེ་རང་ནུས་ཡོད་རྒུ་རྩལ་སྤྲུག་གིས་རྒྱ་ཡིག་གི་ཐོག་ནས་རྩོམ་འབྲི་བྱེད་རྒྱུར་འབད་པ་སྐྱེད་པར་བྱེད་ཀྱི་ཡོད་པ་རེད། 

        བྱས་པའི་ལས་ལ་ཐོབ་པའི་འབྲས་བུ་ཞིག་དགོས་པ་ནི་ཨ་ཅང་བརྗོད་མེད་ཅིག་རེད། ཡིན་ནའང་། འབྲས་བུ་གང་འདྲ་ཞིག་ཐོབ་ན་ཡིད་ཚིམ་པ་དང་གང་འདྲ་ཞིག་ཐོབ་ན་འབྲས་བུར་མི་སེམས་པ་ནི་བྱེད་པ་པོ་རང་ངོས་ཀྱི་འདོད་མོས་སམ་དམིགས་རེས་ཐག་གཅོད་པ་ཞིག་རེད། རྩོམ་པ་པོས་རང་གིས་བྲིས་པའི་བརྩམས་ཆོས་ལ་ཀློག་མཁན་མང་ཙམ་ཞིག་ཐོབ་པའི་རེ་བ་བྱེད་པ་དེ་ཡང་རང་གིས་དཀའ་ཐུབ་རྩོལ་བ་སྐྱེད་པ་ལས་བྱུང་བའི་འབྲས་བུ་དེ་དོན་དུ་སྨིན་པར་རེ་བ་ཡིན་ན་སུས་ཀྱང་བསྙོན་དུ་མེད། ཡིན་ནའང་། ཀློག་པ་པོའི་མང་ཉུང་དེ་གཅིག་ཏུ་ན་རྩོམ་པ་པོ་རང་ཉིད་ཀྱིས་བསྒྱུར་དུ་མི་བཏུབ་པའི་ཕྱི་ཡུལ་རང་བཞིན་ཏེ། བག་ལ་ཞ་བའི་ཀློག་པ་པོ་སྟེ་རྒྱ་ཁྱབ་མི་དམངས་མང་ཚོགས་ཀྱི་རིག་གནས་ཡོན་ཚད་ལ་རག་ལུས་པ་ཞིག་རེད་ལ། ཡང་གཅིག་བཤད་ན་རྩོམ་པ་པོ་རང་ངོས་ཀྱི་བྱེད་པ་དང་ཡང་འབྲེལ་བ་ཞིག་ཡིན་ཏེ། རང་ཉིད་ཀྱི་སྨྱུག་རྩེ་ལས་འཁྲུངས་པའི་རྩོམ་གྱི་མེ་ཏོག་དེ་འཚོ་བའི་དྲི་ངད་འཐུལ་ཞིང་ཡར་བསྐྱེད་ཀྱི་སྤོབས་པ་སྟེར་བ་ཞིག་ཡིན་ན། དྲི་ཞིམ་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཞེས་པ་ལྟར་ཀློག་མཁན་རང་ཤུགས་སུ་འབྱུང་བ་དང་། དེ་ལས་ལྡོག་ན་ནི་ཀློག་མཁན་གྱི་གྲིབ་མ་ཙམ་ཡང་མི་འཁོར་བ་ཆོས་ཉིད་དུ་གྲུབ་ན་དེར་འཁང་ར་བྱས་པས་ཅི་ལ་ཕན། 

        དོན་དངོས་ཐོག་རྩོམ་པ་པོའི་དཔུང་ཁག་བསྐྱེད་བསྲིང་བྱ་དགོས་པ་ལྟར་ཀློག་པ་པོའང་ག་ལེར་བསྐྱེད་བསྲིང་བྱ་དགོས་པ་ཞིག་རེད་མ་གཏོགས། རང་བཞིན་ལྷུན་གྲུབ་ཏུ་ཡོད་པ་ཞིག་གཏན་ནས་མ་རེད། རང་རེ་བོད་ལྗོངས་ས་ཁུལ་ལ་ཆ་བཞག་ནས་བཤད་པ་ཡིན་ན། བཅིངས་བཀྲོལ་བཏང་རྗེས་སམ་དམངས་གཙོའི་བཅོས་བསྒྱུར་བྱས་ཚུན་དང་། ལྷག་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་ཐེངས་གསུམ་པའི་དྲོད་རླུང་འཇམ་པོ་གངས་རིའི་ལྗོངས་སུ་ལྡང་བ་ནས་བཟུང་། བསྒྱུར་བཅོས་སྒོ་དབྱེའི་ཚ་རླབས་ཀྱི་ཁྲོད་རིག་གནས་སློབ་གསོའི་བྱ་གཞག་ལ་སྒོ་ཀུན་ནས་འཕེལ་རྒྱས་ཆེན་པོ་ཐོབ་སྟེ། ཡིག་རྨོངས་སེལ་བའི་མི་བུ་གང་མང་ནས་གང་མང་དུ་འཕེལ་བཞིན་ཡོད་པ་ཟད། ལྷག་པར་རྒྱ་ཁྱབ་ཞིང་འབྲོག་ས་ཁུལ་གྱི་མང་ཚོགས་ཁྲོད་བོད་ཡིག་གི་ཀློག་པ་པོ་ཇེ་མང་ནས་ཇེ་མང་དུ་འཕེལ་བཞིན་ཡོད་པ་དེ་དག་གིས་དེང་དུས་ཀྱི་འཚོ་བ་མཚོན་པའི་རྩོམ་རིག་བརྩམས་ཆོས་ལ་སྐོམ་པས་ཆུ་འདོད་ལྟར་གྱི་རེ་བ་བྱེད་ཀྱི་ཡོད་པ་དང་། མར་རྩམ་གྱི་དྲི་ངད་འཐུལ་ཞིང་དུས་རབས་ཀྱི་ཁྱད་ཆོས་རྫོགས་པའི་ཕུལ་བྱུང་བརྩམས་ཆོས་འདྲ་བྱུང་ཚེ་སྤྲོ་བ་བརྟས་ཏེ་གཅིག་གིས་གཅིག་བརྒྱུད་རྡོ་ལག་བཤུག་ཏུ་ཕན་ཚུན་གཡར་ཀློག་བྱེད་ཀྱི་ཡོད་པ་གོ་ཐོས་བྱུང་བ་ལྟར་ཡིན་ན་ཁྲོམ་རྭ་མེད་པ་ཅི་ལ་སྲིད། གྲོངཁྱེར་ནང་བོད་ཡིག་བལྟ་ཀློག་བྱེད་མཁན་མང་པོ་མེད་པ་ཡིན་དུ་ཆུག་ཀྱང་། གྲོང་མིས་བོད་མི་སྤྱེ་འབོར་གྱི་བརྒྱ་ཚང་ཙམ་ཟིན་གྱི་ཡོད་པ་ཤེས་གསལ་རེད། ཡང་གཅིག་བཤད་ན། གྲོང་ཁྱིར་ནི་ཤེས་ཡོན་ཅན་འདུ་འཛོམ་བྱེད་ས་ཤིག་ཡིན་ཕྱིར། རྩོམ་རིག་ཚུད་པའི་མི་རིགས་རིག་གནས་ཀྱི་ལས་དབང་ལ་དོ་ཁུར་བྱེད་མཁན་མང་པོ་ཞིག་ཡོད་པ་དང་། བོད་ཡིག་རྩོམ་རིག་གི་ཀློག་པ་པོ་སྤུས་ཚད་ཅན་པ་མང་པོ་ཞིག་བག་ལ་ཞ་ནས་ཡོད་པའང་སྨོས་མེད་རེད། ཡིན་ནའང་། ཁོང་ཚོ་ནི་བོད་ཡིག་ཙམ་མ་ཟད། རྒྱ་ཡིག་དང་ཐ་ན་ཕྱི་རྒྱལ་གྱི་ཡིག་རིགས་ལའང་བྱང་བ་ཡིན་ན། བོད་ཡིག་གི་རྩོམ་རིག་བརྩམས་ཆོས་རྒྱུ་སྤུས་ལེགས་པ་ཞིག་མེད་ཕྱིན་རྒྱ་ཡིག་དང་ཕྱི་རྒྱལ་གྱི་ཡི་གེའི་ཐོག་ནས་ཕུལ་དུ་བྱུང་བའི་རྩོམ་རིག་བརྩམས་བྱར་མྱོང་རོལ་བྱེད་པར་ཁ་ཕྱོགས་རྒྱུ་ཡིན་པ་ནི་ལུགས་དང་མཐུན་པ་ཞིག་རེད། གང་ལྟར། བོད་ཀྱི་རྩོམ་རིག་གིས་ཨང་དང་པོར་བོད་ཀྱི་མི་ལ་ཞབས་འདེགས་ཞུ་དགོས་ལ། བོད་ཀྱི་མི་འབོར་གྱི་བརྒྱ་ཆ་དགུ་བཅུ་ཡན་བོད་རིགས་ཀྱིས་ཟིན་གྱི་ཡོད་པ་དང་། དེ་ལས་ཀྱང་བརྒྱ་ཆ་དགུ་བཅུ་ཙམ་ཞིག་རྒྱ་ཡིག་སོགས་ཡིག་རིགས་གཞན་པ་མི་ཤེས་པའི་ཞིང་འབྲོག་མང་ཚོགས་ཡིན་ན། བོད་ཀྱི་ཤེས་ཡོན་ཅན་དུ་རློམ་པའི་རྩོམ་རིག་ལ་འཇུག་པ་རྣམས་ཀྱིས་རང་ཉིད་ཀྱི་སྨྱུག་རྩེ་གང་ལ་གཏོད་པའི་ཁ་ཕྱོགས་དེ་མ་ནོར་བ་ཞིག་དགོས་རྒྱུ་ནི་སྨྲ་མི་དགོས་པའི་གནད་ལུགས་གསོན་པོ་ཞིག་ཡིན་ཕྱིར། འབད་པ་བསྐྱེད་དེ་འབྲས་བཟང་སྨིན་པར་བྱ་དགོས་ཀྱི་ཁ་གཡར་ས་དང་ཡ་ལ་བཙུགས་ས་བཙལ་ནས་བསྡད་ན་ནི་རང་གཞན་ཐམས་ཅད་ཡི་མུག་པའི་རྒྱུ་ཙམ་དུ་ཟད་པ་ལས་གཞནཅི།

གསུམ།

        གཏིང་རིང་ས་ནས་བཤད་ན། རྩོམ་རིག་ནི་འགྲོ་བ་མིའི་རིགས་ཀྱི་བླ་སྲོག་ཟིན་བྲིས་སུ་བཏབ་པ་ཞིག་དང་། མི་བུ་བྱུང་འཕེལ་འཚར་ལོངས་ཀྱི་བརྒྱུད་རིམ་ནང་མྱངས་པའི་དཀའ་ཁག་དང་བདེ་སྐྱིད་ཀྱི་ཚོར་བ་དབྱངས་སུ་གྱེར་རི་སེམས་གཞས་སྙན་མོ་ཞིག་ཡིན་པས། བླ་ནས་བླ་རུ་འཕགས་པའི་སེམས་ཀྱི་རང་བཞིན་གསལ་པོར་མཚོན་པ་ནི་གང་དེའི་རང་གཤིས་རྣལ་མར་གྲུབ། འགྲོ་བ་མིའི་རིགས་ལ་ངག་ཐོག་རྩོམ་རིག་ཐེངས་དང་པོར་བྱུང་བ་ནས་ད་ལྟའི་བར་གྱི་རྩོམ་འབྱུང་ལོ་རྒྱུས་ལ་བལྟས་པ་ཡིན་ན། རྩོམ་རིག་གི་ནང་དོན་དང་། རྣམ་པ། ལྟ་ཚུལ། མཚོན་ཐབས་སོགས་ཕྱོགས་གང་ཅིའི་ཐད་ལ་གསར་བརྗེའི་རང་བཞིན་ལྡན་པའི་འགྱུར་བ་རབ་དང་རིམ་པ་བྱུང་དང་འབྱུང་བཞིན་ཡོད་ལ། འགྱུར་བ་དེ་འདྲ་ཡོང་ཐེངས་རེ་རེས་ང་ཚོའི་གསར་རྩོམ་གྱི་ལག་ལེན་དང་རྩོམ་རིག་གི་རང་གཤིས་རྣལ་མ་གཉིས་བར་གྱི་ཧེ་བག་དེ་ཇེ་ཆུང་ནས་ཇེ་ཆུང་དུ་གཏོང་གི་ཡོད་པ་རེད། དེ་ནི་རྩོམ་རིག་གི་ནང་སྙིང་རེད་ལ་གསར་རྩོམ་གྱིས་རེ་ཞིང་སྙེགས་པའི་ཕུགས་ཡུལ་ཡང་ཡིན་པས། བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་སུ་གཏོང་བའི་ཁ་ཕྱོགས་ཀྱང་དེ་ལས་མ་འདས། རྩོམ་རིག་གི་བྱ་གཞག་འཕེལ་རྒྱས་སུ་གཏོང་དགོས་བྱ་བའང་དོན་དངོས་ཐོག་གསར་རྩོམ་གྱི་ལག་ལེན་གོང་ནས་གོང་དུ་སྤེལ་ཏེ། རྩོམ་གྱི་ནང་དོན་དང་། རྣམ་པ། ལྟ་ཚུལ། མཚོན་ཐབས་སོགས་འཐུས་སྒོ་ཇེ་ཚང་དང་འཁྲུག་ཆ་ཇེ་དོད་དུ་བཏང་བ་བརྒྱུད། གསར་རྩོམ་གྱི་འབྲས་བུ་དེ་རྩོམ་རིག་གི་རང་གཤིས་རྣལ་མ་དང་ཐག་ཇེ་ཉེ་ནས་ཇེ་ཉེར་བཏང་སྟེ་འགྲོ་བ་མིའི་རིགས་ལ་མཛེས་འཛིན་གྱི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་འདོན་སྤྲོད་བྱེད་དགོས་པ་དེ་རེད། 

        ཡིན་ནའང་། གསར་རྩོམ་གྱི་ལག་ལེན་དེ་ཅང་མེད་ནམ་མཁའི་དབྱིངས་སུ་དྲི་ཟའི་བུ་མོས་རྒྱུད་མངས་དཀྲོལ་བ་ལྟར་རྟོག་ཡུལ་དུ་བཀོད་བཞེངས་བྱས་པ་ཙམ་གྱིས་འཐུས་པ་ཞིག་མ་རེད་ལ། གསར་རྩོམ་གྱི་འབྲས་བུ་སྟེ། རྩོམ་རིག་བརྩམས་ཆོས་ཀྱང་རྩོམ་པ་པོས་བརྩམས་ཟིན་པ་ཙམ་གྱིས་ཡོངས་སུ་རྫོགས་པར་གྲུབ་པ་ཞིག་མ་ཡིན་པར་ད་དུང་དཔར་སྐྲུན་འགྲེམ་སྤེལ་བྱས་ཏེ་ཀློག་པ་པོས་བལྟ་ཀློག་རོལ་མྱོང་ཐུབ་པ་བྱ་དགོས་པ་རེད། རྩོམ་པ་པོས་གསར་རྩོམ་བྱས་པ་དེ་རྩོམ་རིག་གི་རིན་ཐང་གསར་སྐྲུན་བྱས་པ་ཙམ་ཡིན་ལ། རིན་ཐང་དེ་མངོན་དུ་འགྱུར་དགོས་ན་ཀློག་པ་པོས་བལྟ་ཀློག་རོལ་མྱོང་བྱ་རྒྱུ་དེ་མེད་དུ་མི་རུང་བ་ཞིག་རེད། རྩོམ་པ་པོའི་གསར་རྩོམ་དང་ཀློག་པ་པོའི་རོལ་མྱོང་གཉིས་མཉམ་དུ་འདུས་པ་ལས་རྩོམ་རིག་གི་རིན་ཐང་ཆ་ཚང་བར་གྲུབ་པ་ཡིན་པས། དེ་གཉིས་ཀ་རྩོམ་རིག་གི་རིན་ཐང་གྲུབ་པ་ལ་མེད་དུ་མི་རུང་བའི་རྒྱུ་རེད་ལ། དཔར་སྐྲུན་འགྲེམ་སྤེལ་གྱི་ལས་ཀ་དེ་ནི་རྩོམ་རིག་རིན་ཐང་གི་གྲུབ་རྒྱུ་གཉིས་གཞི་གཅིག་ཏུ་སྦྲེལ་བྱེད་ཀྱི་སྲད་བུ་ལྟ་བུ་ཡིན་པས། རྩོམ་རིག་གི་རིན་ཐང་གྲུབ་པའི་རྒྱུ་རུ་མི་འགྲོ་རུང་རིན་ཐང་དེ་མངོན་དུ་འགྱུར་བའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཏུ་གྲུབ་པ་རེད། དཔེར་ན། བཟོ་གྲྭ་ག་གེ་མོ་ཞིག་གིས་དངོས་ཟོག་ཅི་ཡང་རུང་བ་ཞིག་ཐོན་སྐྱེད་བྱས་པ་དེ་ཚོང་ལམ་བརྒྱུད་འཛད་སྤྱོད་པའི་ལག་ཏུ་ཐེབས་ཏེ་དངོས་སུ་བཀོལ་སྤྱོད་བྱས་པ་ལས་གང་དེའི་རིན་ཐང་མངོན་དུ་འགྱུར་ཐུབ་པ་ལྟ་བུའོ། །

        དེས་ན། རྩོམ་རིག་འཕེལ་རྒྱས་གཏོང་བ་ལ་གསར་རྩོམ་འཁྲུག་ཆ་དོད་པོ་ཞིག་དགོས་པ་སྨོས་མ་དགོས་མོད། གསར་རྩོམ་གཅིག་པུ་གཙིགས་སུ་འཛིན་པས་རྩོམ་རིག་གི་བྱ་གཞག་དེ་དོན་ངོ་མའི་གྲྭ་རྒྱས་ཕུན་སུམ་ཚོགས་པོ་ཞིག་ཏུ་སྒྲུབ་མི་ཐུབ། རྩོམ་རིག་སྤྱི་ཚོགས་རིག་པའི་ལྟ་ཚུལ་ཐོག་ནས་བལྟས་པ་ཡིན་ན། གསར་རྩོམ་དང་། དཔར་སྐྲུན་འགྲེམ་སྤེལ། བལྟ་ཀློག་མྱོང་རོལ་ ( དཔྱད་བརྗོད་ཚུད ) སོགས་ཀྱིས་ཐུན་མོང་ཐོག་རྩོམ་རིག་ཐོན་སྐྱེད་ཀྱི་མ་ལག་ཧྲིལ་པོ་ཞིག་གྲུབ་ཀྱི་ཡོད་པས། རྩོམ་རིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་ལ་སྤྱི་ཁོག་བསམ་གཞིགས་བྱེད་སྐབས་ངེས་པར་དུ་ཕྱོགས་དེ་དག་ཚང་མར་བབ་མཚུངས་ཀྱི་གཙིགས་མཐོང་བྱ་དགོས་ཀྱི། དྲེལ་མོང་གིས་འཕྱི་བ་ཟིན་པ་ལྟར་གཅིག་བཟུང་ནས་གཅིག་གློད་པ་ཡིན་ན་དོན་མེད་ངལ་བའི་རྒྱུ་ཙམ་ལས་རེ་འབྲས་སྨིན་པ་ཡོད་རེ་སྐན།

བཞི།

        གསར་རྩོམ་འཁྲུག་པོ་སྟེ། བརྩམས་འབྲས་ཀྱི་གྲངས་འབོར་ཇེ་མང་ནས་ཇེ་མང་དང་། སྤུས་ཚད་ཇེ་མཐོ་ནས་ཇེ་མཐོ། ལྟ་ཚུལ་གཏིང་ཇེ་མཐུག་ནས་ཇེ་མཐུག འབྲི་སྟངས་མཚོན་ཐབས་ཕུན་སུམ་ཇེ་ཚོགས་ནས་ཇེ་ཚོགས་སུ་འགྲོ་བའི་ཐོག་ནས་རྒྱ་ཁྱབ་མི་དམངས་མང་ཚོགས་ལ་བསམ་པའི་རྒྱག་ཕྱེ་དང་ཡིད་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པོ་ཞིག་བསྟར་ཐུབ་པ་བྱེད་རྒྱུ་ནི་རྩོམ་རིག་འཕེལ་རྒྱས་སུ་འགྲོ་བའི་ཆ་རྐྱེན་ནམ་ནང་དོན་ཨང་དང་པོ་དེ་རེད། དེ་མེད་ན་ཀློག་པ་པོའི་བལྟ་ཀློག་རོལ་མྱོང་གི་ལོངས་སྤྱོད་ཐམས་ཅད་རྩ་བ་མེད་པའི་སྡོང་པོ་རུ་འགྱུར་ལ། དཔར་སྐྲུན་འགྲེམ་སྤེལ་ལ་སོགས་པའི་མཚམས་ཚིགས་དེའང་སྦྱར་གཞི་མེད་པའི་ཚི་སྐམ་དུ་འགྱུར་རྒྱུ་ཡིན་པ་གདོན་མི་ཟ། 

        རང་རེ་བོད་ཀྱི་དེང་རབས་རྩོམ་རིག་ལ་ཉེ་བའི་མི་ལོ་ཉི་ཤུ་ལྷག་ཙམ་རིང་འཕེལ་རྒྱས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཙམ་ཐོབ་ཡོད་པའང་གསར་རྩོམ་གྱི་ལག་ལེན་ལས་བྱུང་བ་སྨོས་མི་དགོས། མ་གཞི་ང་ཚོ་བོད་ཀྱི་རྩོམ་རིག་ལ་བྱུང་འཕེལ་གྱི་ལོ་རྒྱུས་མི་ཐུང་ཙམ་ཡོད་པ་མ་ཟད། གྲུབ་འབྲས་ཀྱང་མི་དམན་པ་ཞིག་ཐོབ་ཡོད་པ་ནི་བསྙོན་དུ་མེད་པའི་ལོ་རྒྱུས་ཀྱི་བདེན་ཁ་ཞིག་རེད། ཡིན་ནའང་། དུས་སྐབས་གསར་པ་ཤར་ཚུན་གྱི་བོད་ཀྱི་དེང་རབས་རྩོམ་རིག་ལ་རྩོམ་པོ་པོའི་དཔུང་ཁག་གི་གྲུབ་ལུགས་དང་། རྩོམ་གྱི་ནང་དོན་དང་རྣམ་པ། འགྲེམ་སྤེལ་བྱེད་སྟངས་དང་ཀློག་པ་པོའི་ཁྱབ་ཡུལ་སོགས་གང་ཅིའི་ཐད་ནས་སྔོན་དང་མི་འདྲ་བའི་ཁྱད་ཆོས་འབུར་དུ་ཐོན་ཡོད་པས་དེར་གསར་གཏོད་ཀྱི་ཆ་མངོན་གསལ་དོད་པོ་ལྡན་ཡོད་ཕྱིར། གྲུབ་འབྲས་འདི་ལྟ་བུ་ཞིག་ཐོབ་པའང་ལས་སླ་མོ་ཞིག་གཏན་ནས་མིན་པས་སྤོབས་པ་དང་བཅས་པའི་དགའ་བ་མི་སྐྱེ་ཅི་ལ་སྲིད། 

        ཡིན་ནའང་། ད་ལྟ་ང་ཚོས་མིག་གཉིས་དྭངས་མོར་ཕྱེ་སྟེ་བལྟ་སྐབས། དགའ་ཐག་མ་ཆོད་པའི་ངང་ལ་སྐྱོ་སིང་ངེ་བའི་སྣང་བ་ཞིག་ཤར་འོང་གི་འདུག་སྟེ། རྩོམ་པ་པོའི་དཔུང་ཁག་ལ་བལྟ་དུས་རྒན་དར་གཞོན་གསུམ་གྱི་དཔུང་གདང་དེ་ཙམ་འགྲིག་པོ་མེད་པ་དང་། ལྷག་པར་དུ་རྐན་གཞོན་གྱི་སྐས་རིམ་མཐུད་ཐུབ་པའི་གཞོན་སྐྱེས་རེ་བ་ཅན་པ་མང་པོ་ཞིག་ཐོན་ཐུབ་མེད་པ་མ་ཟད། དེ་སྔོན་གྱི་བོད་ཡིག་གསར་རྩོམ་ལ་མཉེས་ཤིང་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད་པ་མང་པོ་ཞིག་རྒྱུ་མཚན་སྣ་མང་གི་དབང་གིས་མུ་མཐུད་གསར་རྩོམ་གྱི་ལམ་ལ་མ་ཞུགས་པའམ། ཡང་ན་གསར་རྩོམ་གྱི་ལག་ཆ་དེ་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་ཕྱིན་པ་སོགས་མདོར་ན་བོད་ཡིག་གི་ཐོག་ནས་གསར་རྩོམ་བྱེད་མཁན་གྱི་རྩོམ་པ་པོའི་དཔུང་ཁག་དེ་དུས་རབས་འཕེལ་རྒྱས་འགྲོ་བའི་དགོས་མཁོ་དང་བསྡུར་ན་ཉམས་དམའ་མོ་ཞིག་ཏུ་ལུས་ཡོད་པ་དང་གཅིག བརྩམས་ཆོས་ཀྱི་ནང་དོན་དང་རྣམ་པའི་ཐད་ལ་དུས་ཀྱི་འགྱུར་ཁུག་དང་འཚམ་པའི་ཡར་སྐྱེད་ཆེན་པོ་ཞིག་ཐོབ་མ་ཐུབ་པར་བརྟེན། འཚོ་བའི་གཏིང་རིམ་ལ་འཛུལ་ཤུགས་ཆུང་ཞིང་། སྒྲུ་རྩལ་གྱི་མཚོན་ནུས་ཞན་པ་སོགས་མདོར་ན་དུས་དང་མཐུན་པའི་སྲོག་གི་དབང་པོ་ཉག་ཕྲ་བར་སྣང་བས། ཀློག་པ་པོའི་ཡིད་ཀྱི་བརྟན་པ་འཕྲོག་མི་ཐུབ་ལ། ཡར་སྐྱེད་ཀྱི་སྒུལ་ཤུགས་སྦྱིན་ཐུབ་པ་ནི་དེ་བས་དཀོན་པ་ཙམ་དུ་ཟད་པ་དང་གཉིས། རྩོམ་རིག་གི་ལེགས་ཉེས་དགེ་སྐྱོན་འབྱེད་པ་དང་རིག་གཞུང་ཞིབ་འཇུག་གི་བྱ་བ་དེ་རྩ་བའི་ཆ་ནས་སྟོང་ཆར་ལུས་ཡོད་པ་དེས་རྩོམ་རིག་གི་ལྟ་ཚུལ་འདོད་སྟངས་དང་། རིན་ཐང་སྒྲུབ་ལུགས། མཛེས་ཆ་སྐྱོང་ཚུལ་སོགས་རྩ་བར་ཐུག་པའི་གནད་དོན་མང་པོ་ཞིག་ལ་ཐོགས་རེག་མ་བྱུང་བར་སྔར་མལ་ན་སྒུལ་མེད་རང་སོར་གནས་ཡོད་པ་དེས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་འགྲོ་རྒྱུར་བཀག་རྒྱ་ཚབས་ཆེན་བྱེད་ཀྱི་ཡོད་དང་གསུམ་སོགས་མང་ངོ་། 

        དེར་བརྟེན། རྩོམ་པ་པོའི་དཔུང་ཁག་བསྐྱེད་བསྲིང་བྱ་རྒྱུ་དེ་གནད་ཀྱི་དམ་པ་རེད་ལ། རྩོམ་འབྲིར་ཞུགས་པ་རྣམ་པས་ཀྱང་སྒྲུང་ཐུང་གཅིག་གཉིས་བྲིས་པའམ་སྙན་ངག་ཚིག་རྐང་གསུམ་བཞི་ཚགས་པར་དང་དུས་དེབ་ཐོག་སྤེལ་བ་ཙམ་གྱིས་རྩོམ་པ་པོར་རློམ་ཏེ་རང་བློ་ཚིམ་པའི་ཆོག་ཤེས་བྱ་མི་རུང་། རྩོམ་རིག་གི་ཞིང་ཁམས་ནི་ནམ་མཁའི་མཐོངས་ལྟར་ཡངས་ཤིང་རྒྱ་མཚོའི་འཇིངས་ལྟར་མཐུག་པ་ཡིན་པས། བླ་མེད་ཀྱི་རེ་འདོད་ཡིད་ལ་བཅངས་ཤིང་། རྟག་གུས་ཀྱི་གཤོག་ཟུང་ཤེད་ཀྱིས་བརྐྱངས་པ་ཡིན་ན། ད་གཟོད་ཕ་མཐའ་ཆོད་པའི་གདེང་ཞིག་ཐོབ་རྒྱུ་རེད་ལ། གཏིང་མཐའ་དཔོག་པའི་ངོ་མཚར་གྱི་ལྟད་མོའང་མཐོང་རེ་ཡོད། དེ་ཡང་ཐབས་ཀྱི་དམ་པ་གནད་དུ་དྲིལ་ན་གསུམ་སྟེ། འཚོ་བར་ངེས་ཤེས་འདྲོངས་ཤིང་། དད་དུངས་ཀྱི་གདུང་ཤུགས་ཤེད་ཀྱིས་མཁའ་ལ་འཕྱོ་བ་ཞིག་སྟེ། སྔོ་ལྗང་སྤང་གི་བཅུད་ལ་རོལ་ཞིང་དུས་ཀྱི་འདུ་འགོད་རྡུལ་དུ་འཚུབ་པའི་བ་མོ་འདོད་འཇོ་ཁྲ་སྐྱིད་ཀྱི་འོ་མ་མངར་སིང་ངེ་བ་དེ་བཞོས་ནས་དཀྲོག་ལ། ས་ཆུ་དྲོད་གཤེར་འཛོམ་པ་ལས་ལོ་ལེགས་མགོ་ལྕོག་ལྡེམ་པའི་གྲ་དག་སྙེ་མ་སེར་ལིང་ངེ་བ་དེ་དག་བརྔས་ཤིང་བརྔོས་ལ་འཐག་པར་བྱ་བ་སྙིང་དུ་བྱས་ཏེ། མཐོ་སྒང་གི་མཁའ་དབུགས་གསལ་ཞིང། མར་རྩམ་གྱི་དྲི་ངད་འཐུལ་བ་ཞིག་དགོས་པ་དང་གཅིག བསྒྱུར་བཅོས་སྒོ་དབྱེའི་ཚ་རླབས་ཁྲོད་ཁ་བ་རི་པའི་ཡུལ་གྲུ་ཀུན་ལ་སྔ་ན་མ་གྲགས་པའི་འཕོ་འགྱུར་བྱུང་དང་འབྱུང་མུས་རེད་ལ། ཉིན་ཞག་གཅིག་གིས་མི་འདྲ་བར་འཕེལ་བའི་དེང་རབས་ཚན་རིག་ལག་རྩལ་གྱི་སྒྱུ་སྟོབས་ཀྱིས་གོ་ལའི་ཁྱོན་ཀུན་ཁྱིམ་མཚེས་སུ་བསྒྱུར་གྱིན་ཡོད་པས། བོད་ཡུལ་ཁ་བ་ཅན་གྱི་མི་རྣམས་ཀྱང་གངས་རིའི་རྭ་བས་སྐོར་བའི་མཐོ་སྒང་དུ་ལྷ་སྒྲུང་རུམ་དུ་ཉར་བའི་རྨི་ལམ་སྐྱུར་མོ་རྨིས་བཞིན་འདུག་ཁོམ་མེད་ན། མིག་ཞགས་རིང་མོས་འཛམ་གླིང་གི་འཕེལ་ཕྱོགས་བཟུང་། རྣ་ཅོག་སྲབ་མོས་མདུན་བསྐྱོད་ཀྱི་གོམ་སྒྲར་ཉན། རྐང་པ་ཡང་མོས་གོམ་པའི་འདེགས་འཇོག་བསྒྱུར་ཏེ། དེ་རིང་གི་ཉམས་འགྱུར་གསལ་ཞིང་། སང་ཉིན་གྱི་ལམ་ལ་སྙེགས་པའི་མདུན་བསྐྱོད་ཀྱི་གད་རྒྱངས་ངར་མོ་སྒྲོག་དགོས་པ་དང་གཉིས། མར་རྩམ་གྱི་དྲི་ངད་འཐུལ་ནའང་རུང་། མདུན་བསྐྱོད་ཀྱི་གད་རྒྱངས་སྒྲོག་ནའང་རུང་། གང་ལྟར་རྩོམ་རིག་ནི་རྩོམ་རིག་རང་ཡིན་པས། མཛེས་ཆ་སྐྱོང་ཞིང་སྒྱུ་རྩལ་གྱི་རོ་བཅུད་སྨིན་པ་གནད་དུ་གཟུང་དགོས་ཏེ། བརྗོད་བྱའི་བསྟན་དོན་སྟོན་པར་གནད་དུ་སྨིན་ཞིང་། མི་རིགས་ཀྱི་ཁྱད་ཡོན་མཆོག་ཏུ་གསལ་བའི་སྒྱུ་རྩལ་མཚོན་ཐབས་ཕུན་སུམ་ཚོགས་ཤིང་ཡིད་དབང་འཕྲོག་པ་ཞིག་ཡོང་བ་བྱ་དགོས་པ་དང་གསུམ་བཅས་སོ།།

ལྔ།

        རྩོམ་པ་པོའི་རྩོལ་བ་ལ་བརྟེན་པའི་བརྩམས་འབྲས་ཀྱི་མེ་ཏོག་ལྷུག་ལྷུག་ཏུ་བཞད་པར་གྱུར་ནའང་། དེ་ནི་རྩོམ་རིག་གི་རིན་ཐང་སྐྲུན་པ་ཙམ་ཞིག་སྟེ། རྩོམ་རིག་རིན་ཐང་གྲུབ་ལུགས་ཀྱི་ཕྱེད་ཆ་ཙམ་ཡིན་པས། གང་སྐྲུན་པའི་རིན་ཐང་དེ་ཉིད་ཆ་ཚང་བ་ཞིག་སྟེ། མངོན་དུ་འགྱུར་བ་ཞིག་ཏུ་སྒྲུབ་དགོས་ན། ངེས་པར་དུ་འཛད་སྤྱོད་པ་སྟེ་རྒྱ་ཁྱབ་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་ཞིང་ཡིད་ཀྱི་གསོས་སུ་སྨིན་པ་ཞིག་བྱ་དགོས་པ་ནི་གནད་ཀྱི་དམ་པ་རེད། རྩོམ་མཁན་དང་ཀློག་མཁན་གཉིས་དཀྱུས་གཅིག་ཏུ་འབྲེལ་བྱེད་ཀྱི་གཞིའམ་སྲད་བུ་ལྟ་བུ་ནི་དཔར་སྐྲུན་འགྲེམ་སྤེལ་གྱི་བྱ་བ་རེད་ལ། རང་རེ་བོད་ཀྱི་རྩོམ་རིག་ཐོན་སྐྱེད་ཀྱི་གནས་བབ་ཁྱད་ཆོས་ལ་གཞིགས་ན་ཁེར་མར་དཔེ་སྐྲུན་བ་ཐུབ་པའི་དཔེ་ཚད་ལོངས་པ་ཅན་ནི་ནང་རྒྱུ་ཕྱི་རྐྱེན་གང་ནས་བལྟས་ཀྱང་ཉུང་མཐའ་ཙམ་ཡིན་ཕྱིར། རྩོམ་རིག་དུས་དེབ་དེ་ཉིད་རྩོམ་མཁན་དཔའ་རྩལ་ངོམ་སའི་འཐབ་རྭ་དང་། ཀློག་མཁན་བདེ་དགའ་འཕེལ་སའི་ལྡུམ་རྭ། མདོར་ན་གསར་རྩོམ་དང་རོལ་མྱོང་གི་རྒྱུ་གཉིས་གཅིག་ཏུ་སྦྲེལ་བར་བརྟེན་ནས་རྩོམ་རིག་གི་རིན་ཐང་ལྷང་ལ་འབུད་པའི་གར་སྟེགས་ཉིད་དུ་གྲུབ་པ་སུས་ཀྱང་ཤེས། 

        དེས་ན། རྩོམ་རིག་གི་བྱ་གཞག་གོང་ནས་གོང་དུ་སྤེལ་བའི་དགོས་དམིགས་ལ་ལྟོས་ན་རྩོམ་རིག་གི་དུས་དེབ་དེ་ཉིད་སྤུས་ཀ་ཇེ་ལེགས་ནས་ཇེ་ལེགས་དང་། རྣམ་པ་ཇེ་འཁྲུག་ནས་ཇེ་འཁྲུག་ཏུ་གཉེར་ཐུབ་པ་བྱ་རྒྱུ་ནི་མེད་དུ་མི་རུང་བ་ཞིག་རེད་ལ། དེ་ཡང་མཐར་གཏུགས་ནས་བཤད་ན་རྩོམ་སྒྲིག་པའི་དཔུང་ཁག་བཟང་པོ་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་། ཁོང་ཚོའི་རིག་གནས་དང་རྩོམ་རིག་གི་བྱང་ཚད་མཐོ་ནས་མཐོ་རུ་འདེགས་རྒྱུར་རག་ལུས་ཡོད། གང་ལགས་ཤེ་ན། རྩོམ་སྒྲིག་པ་དེ་ཉིད་རིག་རྩལ་བརྩམས་ཆོས་ཀྱི་ཀློག་པ་པོ་ཆེས་ཐོག་མ་དེ་རེད་ལ། བརྩམས་ཆོས་ཀྱི་རིན་ཐང་བཟང་ངན་ལ་བརྡར་ཤ་གཅོད་མཁན་ཆེས་ཐོག་མ་དེའང་ཡིན་པས། རྩོམ་སྒྲིག་པའི་ཡོན་ཚད་དང་བསམ་བློའི་ཁྱད་པར་ལས་བརྩམས་འབྲས་ཀྱི་ལས་དབང་ལ་ཧེ་བག་བསམ་ཡུལ་ལས་འདས་པ་ཤོར་སྲིད་པ་དཔེར་ན། ནང་སྙིང་སྟོབས་ཀྱིས་དག་ཅིང་ཕྱི་བཟོ་དུས་ལས་ཡོལ་བའི་བརྩམས་འབྲས་སྐམ་ཞིང་རིད་པ་ཁག་ཅིག་ལེགས་པོར་མཐོང་སྟེ་སྤྲོས་ཤོམ་དང་བཅས་སྤེལ་བ་དང་། ཚེ་སྲོག་གི་ངར་ཁ་ཁོང་ནས་འབར་ཞིང་སྒྱུ་རྩལ་གྱི་རོ་བཅུད་གཏིང་ནས་སྨིན་པའི་བརྩམས་འབྲས་ཀྱི་ཁྱེའུ་སྐོར་ཞིག་ནི་གོམ་པ་མ་སྤོས་གོང་ནས་ལྔ་ལམ་ལ་བརྫངས་པ་ལྟ་བུའོ། འདི་ནི་མངོན་ཆེ་ལ་གོ་སླ་བའི་དཔེ་ཙམ་དུ་ཟད། 

        སྤྱིར་རྩོམ་རིག་དུས་དེབ་ཀྱི་ལས་འགན་དེ་གང་བསྐུར་འོངས་པའི་བརྩམས་བྱ་རྣམས་འགོད་ཐུབ་ཙམ་ཞིག་གིས་འགྲུབ་པ་མ་ཡིན་པར། རྩོམ་རིག་གི་ལ་རྒྱར་སྲུང་བ་དང་། གཞོན་སྐྱེས་རྩོམ་པ་པོ་གསོ་སྐྱོང་། ཕུལ་དུ་བྱུང་བའི་བརྩམས་བྱ་གང་མང་འགོད་སྤེལ་གྱིས་རྒྱ་ཁྱབ་ཀློག་པ་པོའི་སྤྱན་ལམ་དུ་བསྟར་བ་སོགས་ཐབས་དང་རྣམ་པ་དུ་མའི་སྒོ་ནས་རྩོམ་རིག་གི་བ་གཞག་ཧྲིལ་པོ་གོང་ནས་གོང་དུ་སྤེལ་བར་སྨན་སླེབས་ཐོན་པ་བྱ་དགོས་པ་ཡིན་ལ། དེ་ལྟར་བསྒྲུབ་ཐུབ་མིན་ནི་རྩོམ་སྒྲིག་པའི་བསམ་བཀོད་དང་ཐད་ཀར་འབྲེལ་ནས་ཡོད་ཕྱིར། གང་སྒྲིག་སྤེལ་བྱས་པའི་བརྩམས་ཆོས་རྣམས་བརྡ་སྤྲོད་ཀྱི་གཞུང་དང་མཐུན་ཞིང་། རྩོམ་པ་པོའི་དགོངས་སྙིང་གང་ཡིན་པ་ཀློག་པ་པོའི་ཡིད་ངོར་བརྡ་གསལ་པོར་འཕྲོད་པ་ཞིག་དགོས་པ་ནི་རྩོམ་སྒྲིག་པའི་བླང་བྱ་ཆེས་དམའ་མཐའ་ཞིག་ཡིན་པ་སྨྲ་མི་དགོས། ཡིན་ནའང་། རྩོམ་སྒྲིག་པ་ནི་རྩོམ་སྒྲིག་པ་རང་ཡིན་པ་མ་གཏོགས་དཔར་སྒྲིག་པ་མིན་པས་བླང་བྱའམ་ཚད་གཞི་ཆེས་དམའ་མཐར་གྱུར་པ་དེ་འདྲ་ཞིག་ལེན་ཞིང་སྲུང་བ་ཙམ་གྱིས་ཅི་ལ་འཐུས། 

        ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བཤད་པ་ཡིན་ན། རྩོམ་རིག་དུས་དེབ་ཀྱི་ཡར་བསྐྱེད་གོང་འཕེལ་ཙམ་མ་ཟད་གང་དེའི་འཚོ་གནས་ཀྱང་རྩོམ་པ་པོའི་གསར་རྩོམ་གྱི་མང་ཉུང་དང་བཟང་ངན་ལ་བརྟེན་པའམ་རག་ལུས་པ་ཞིག་ཡིན་མོད། དེ་ཡང་མཐའ་གཅིག་ཏུ་ངེས་པ་མ་ཡིན་ཏེ། དུས་དེབ་བམ་རྩོམ་སྒྲིག་པ་རང་ངོས་ཀྱི་ཐབས་ནུས་འདོན་སྤེལ་བྱ་ཚད་ལ་ལྟོས་པའི་འབྲས་བུ་མི་འདྲ་བ་ཐོན་གྱིན་ཡོད་པ་ཀུན་གྱི་མཐོང་སྣང་དུ་གྲུབ་པ་བསྙོན་དུ་མེད་པའི་ཕྱིར། དེས་ན། རྩོམ་སྒྲིག་པའི་ངོས་ནས་གོང་རིམ་སྡེ་ཁག་གམ་དབུ་ཁྲིད་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་ཐོབ་པ་གཞིར་བཅས་པའི་ཐོག དུས་དེབ་ཀྱི་གནས་ཚད་གཏན་འཁེལ་དང་། ལེ་ཚན་བཀོད་སྒྲིག་བྱ་ལུགས། དཔར་གཞི་སྒྲིག་སྟངས། རྩོམ་ལུས་མི་འདྲ་བའི་ཁྱད་པར་དང་དེ་དག་སོ་སོས་དུས་དེབ་ཐོག་ཟིན་པའི་གནས་བབ་དང་གཞི་ཁྱོན་བགོ་ཚུལ། རྩོམ་པ་པོར་འབྲེལ་ལམ་འཛུགས་རྒྱུ་དང་ཁོང་ཚོ་གསར་རྩོམ་ལ་སྐུལ་ཐབས། བརྩམས་འབྲས་ལེགས་རིགས་ལ་དཔྱད་བསྡུར་དང་འབྲེལ་བའི་ཉམས་མྱོང་ཕྱོགས་བསྡོམས་དང་སྐྱོན་སེལ་བྱ་ལུགས། དུས་དེབ་ཀྱི་དྲིལ་བསྒྲགས་དང་འགྲེམ་ཚོང་བྱ་སྟངས། ཀློག་པ་པོའི་གྲུབ་ལུགས་དང་དགོས་འདུན་ལ་ཉམས་ཞིབ་ཀྱིས་རྒྱུས་མངའ་ཡོང་བ་བྱ་རྒྱུ། རྩོམ་རིག་རང་ངོས་ཀྱི་ཆོས་ཉིད་དང་ཁྲོམ་རྭའི་ཁྱད་ཆོས་ལ་ཞིབ་འཇུག་གིས་ངོས་འཛིན་གསལ་པོ་ཐོབ་པ་བྱ་རྒྱུ་སོགས་ལ་ཤུགས་སྣོན་རྒྱབ་སྟེ། རྩོམ་རིག་གི་ལར་རྒྱ་སྲུང་ཞིང་སྤྱི་ཚོགས་ཀྱི་རིག་གནས་དགོས་འདུན་སྐོང་ཐུབ་པ་དང་། ཀློག་པ་པོའི་དགོས་མཁོ་དང་འཚམ་ལ་ཡར་བསྐྱེད་ཀྱི་ལམ་སྣེ་ཡང་འཁྲིད་ཐུབ་པའི་ཕུལ་བྱུང་བརྩམས་བྱ་གང་མང་འདོན་བཀོད་ཐུབ་པ་བྱ་རྒྱུའི་ཐད་བསམ་གཞིགས་ཀྱི་འཁོར་ལོ་བསྐོར་ཞིང་ལག་ལེན་གྱི་བྱང་རྩལ་བསྐྱེད་དགོས་སོ།

དྲུག

        རྩོམ་རིག་དཔྱད་གཏམ་བརྗོད་རྒྱུ་དེ་རྩོམ་རིག་གི་བྱ་གཞག་ཧྲིལ་པོའི་གྲུབ་ཆ་འགངས་པོ་ཆེ་ཞིག་རེད་ལ། དེས་རྩོམ་པ་པོའི་དགོངས་གཞི་གང་ཡིན་པ་ཐབས་དང་རྣམ་པ་ཅི་འདྲ་ཞིག་གི་ཐོག་ནས་མངོན་པར་མཚོན་གྱི་ཡོད་པར་དབྱེ་ཞིབ་བྱས་ཏེ། རྒྱ་ཁྱབ་ཀློག་པ་པོ་རྣམས་ཀྱིས་བརྩམས་བྱའི་ནང་དོན་ལ་གོ་བ་ལོན་རྒྱུ་དང་སྙིང་ལ་ངེས་ཤེས་འདྲོང་རྒྱུར་ལམ་སྣེ་ཁྲིད་པའི་རོགས་ཕན་བླ་ལྷག་སྒྲུབ་ཀྱི་ཡོད་ལ། རྩོམ་ཡིག་གཅིག་གི་སྐྱོན་ཡོན་ནམ། རྩོམ་པ་པོ་གཅིག་གི་རྩོམ་གྱི་ལེགས་ཉེས། ས་ཁོངས་དང་དུས་སྐབས་ངེས་ཅན་ཞིག་གི་རྩོམ་རིག་གི་སྣང་ཚུལ། ཡང་ན་མི་རིགས་དང་རྒྱལ་ཁབ་གཅིག་གི་རྩོམ་རིག་གི་བྱུང་འཕེལ་ལོ་རྒྱུས་ལས་འཕྲོས་པའི་ཉམས་མྱོང་དང་བསླབ་བྱ་སོགས་ལ་ཕྱོགས་བསྡོམས་དང་དབྱེ་ཞིབ། རྩོམ་རིག་རང་ངོས་ཀྱི་ངོ་བོ་དང་། ཁྱད་ཆོས། འཕེལ་འགྱུར་ཆོས་ཉིད། དེ་བཞིན་རྩོམ་རིག་འཕེལ་རྒྱས་དང་སྤྱི་ཚོགས་འཚོ་བའི་བར་གྱི་འབྲེལ་བ་དང་། རྩོམ་རིག་དང་རང་བྱུང་། མི། ཤེས་རིག་བཅས་བར་གྱི་འབྲེལ་བ་སོགས་ལ་གཏིང་ཚུགས་པའི་དབྱེ་ཞིབ་དཔྱད་བརྡར་བྱས་པ་བརྒྱུད་རྩོམ་རིག་དང་རྩོམ་རིག་འཕེལ་རྒྱས་ཀྱི་ནང་རྒྱུ་ཕྱི་རྐྱེན་ལ་ངོས་འཛིན་གསལ་ཁ་ཇེ་ཆོད་ཅིག་ཐོབ་ཐུབ་ལ། དེས་དངོས་ཤུགས་ཅི་རིགས་ནས་ནང་དོན་གྱི་ཟབ་ཁྱད་དང་། སྒྱུ་རྩལ་གྱི་མཚོན་ཐབས། ནང་དོན་དང་རྣམ་པ་གཉིས་གཞི་གཅིག་ཏུ་སྦྲེལ་ཚུལ་སོགས་ཕྱོགས་དང་ཟུར་སྣེ་མང་པོའི་ཐོག་ནས་རྩོམ་པ་པོའི་གསར་རྩོམ་གྱི་བྱ་བ་གོང་འཕེལ་འགྲོ་རྒྱུར་ཡར་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་གྱི་ཡོད། 

        དེ་ནི་སྤྱི་ཐོག་ནས་བཤད་པ་ཞིག་རེད་ལ། རྩོམ་རིག་དཔྱད་བརྗོད་རང་ངོས་ཀྱི་བྱེད་ལས་ལུགས་དང་མཐུན་པ་ཞིག་ཀྱང་རེད། ཡིན་ནའང་། ལུགས་དང་མཐུན་པ་ཡོད་ཚད་ལག་ལེན་དུ་སྤེལ་མི་ཐུབ་ལ། ལག་ལེན་དུ་བསྟར་བ་ཐམས་ཅད་ལུགས་དང་མཐུན་པ་ཞིག་ནི་དེ་བས་མི་འོང་། རང་རེ་བོད་ཀྱི་དེང་རབས་རྩོམ་རིག་ལ་ཆ་བཞག་ནས་བཤད་ན། རྩོམ་རིག་དཔྱད་བརྗོད་ཀྱི་བྱ་བ་དེ་ཉིད་རྩོམ་རིག་གི་བྱ་གཞག་ཧྲིལ་པོའི་གྲུབ་ཆ་གལ་ཆེན་ཞིག་ཏུ་བྱས་ཏེ་གསར་རྩོམ་དང་གོམ་བགྲོད་མཉམ་པར་འཕེལ་རྒྱས་འགྲོ་དགོས་མོད། དོན་དངོས་ཐོག་སྤྱིར་གསར་རྩོམ་གྱི་འཕེལ་བགྲོད་དལ་པོ་ཞིག་རེད་ལ། ཡང་སྒོས་དཔྱད་བརྗོད་ཀྱི་གོམ་བགྲོད་ནི་དེ་བས་འགོར་བ་ཞིག་ཡིན་པས། གསར་རྩོམ་གྱི་བྱ་བ་འཁྲུག་ཆ་དོད་པོས་གོང་དུ་འཕེལ་རྒྱུར་ལམ་འཁྲིད་དམ་གཞོགས་འདེགས་ཀྱི་རོགས་ཕན་སྒྲུབ་རྒྱུ་ལྟ་ཞོག ཉྭ་ལ་འཁྲིལ་བའི་དོག་ཚལ་ལྟར་ཕན་མེད་འགོར་རྐྱེན་བྱེད་པའི་གཞི་རུ་གྱུར་ཡོད་པ་ཀུན་གྱིས་ཤེས་གསལ་རེད། 

        སྤྱིར་བོད་ཀྱི་དེང་རབས་རྩོམ་རིག་ཁྲོད་དཔྱད་བརྗོད་རྩོམ་ཡིག་གི་གྲངས་འབོར་ཉུང་ངུ་ཞིག་རེད་ལ། སྤུས་ཚད་ལོངས་པའམ་མཚན་ཉིད་ཚང་བའི་དཔྱད་བརྗོད་རྩོམ་ཡིག་སྟེ། དཔྱད་པ་སྔོན་སོང་གིས་ལེགས་ཉེས་བཟང་ངན་འབྱེད་པའི་མཐའ་འདོམས་རྐང་ཚུགས་པར་འཇོག་ནུས་པ་ནི་དེ་བས་དཀོན་པར་མཐོང་། རྒྱུན་དུ་མཐོང་མང་བའི་དཔྱད་བརྗོད་སྐོར་ཞིག་ནི་སློབ་ཚན་ཁྲིད་གཞི་ལྟ་བུར་བྱུང་ལ་། དེ་དག་གིས་རྩོམ་པ་པོ་ཆེ་གེ་མོ་ཞིག་གི་ཆེ་བའི་ཆེ་རབས་དང་། ཁོའམ་ཁོ་མོའི་བརྩམས་ཆོས་ག་གེ་མོ་ཞིག་གི་རྒྱབ་ལྗོངས་དེ་དང་དེ། ནང་དོན་འདི་དང་འདི་རེད་ཞེས་ཞིབ་པར་འཕྲལ་ཏེ་ཀ་བར་འཇག་མའི་ལྷན་པ་མང་དུ་རྒྱབ་རྗེས། རྗོད་བྱེད་སྙན་ཞིང་འཇེབས་ལ་བརྗོད་དོན་ཟབ་ཅིང་རྒྱ་ཆེ་བ་སོགས་སྤོམ་ཚིག་སྐམ་པོ་རུ་སྒྲིག་གང་ཐུབ་བྱེད་པ་ལས། དགོས་ངེས་ཀྱི་དཔྱད་པས་སྟོངས་པ་དང་། སྐོར་ཞིག་ནི་བཀླགས་རྗེས་ཀྱི་བསམ་ཚུལ་ལྟ་བུར་བྱུང་བ་དེ་དག་གིས་ཀྱང་རྩོམ་པ་པོ་ཆེ་གེ་མོ་ཞིག་གི་བརྩམས་ཆོས་ག་གེ་མོ་ཞིག་ལ་བརྗོད་བྱ་དོན་གྱི་མཐའ་ཡངས་ཤིང་འཇིངས་མཐུག་པ་དང་། རྗོད་བྱེད་ཚིག་གི་སྡེབ་སྦྱོར་བཟང་ཞིང་བརྡ་སྤྲོད་ཀྱི་གཞུང་དང་མཐུན་པ་སོགས་ཐུན་མོང་མིན་པའི་ཁྱད་ཆོས་མང་དུ་མངའ་ཞེས་དོན་མེད་ཚིག་གི་ཤིང་སྐམ་ལ་མདོ་མེད་ལོ་འདབ་བརྒྱ་འདོགས་པ་ཙམ་ལས། ཡང་སྙིང་བརྗོད་དོན་གཏིང་ཇི་ལྟར་ཟབ་པ་དང་། རྒྱ་ཇི་ལྟར་ཆེ་བ། གོ་རྒྱུ་ཇི་ལྟར་མང་བ་སོགས་ལ་དཔྱད་པའི་སྟོབས་ཀྱིས་དབུལ་ལ། རྗོད་བྱེད་ཚིག་གམ་སྒྱུ་རྩལ་མཚོན་ཐབས་ཐད་ཐུན་མོང་མིན་པའི་ཁྱད་ཆོས་གང་དང་གང་མངའ་བའང་བརྗོད་རྒྱུ་མེད་པར་མཐོང་། དེ་ཡང་མཐར་གཏུགས་ན་བསམ་ཚུལ་ལམ་ལྟ་བ་ངན་པ་ཞིག་སྟེ། དཔྱད་བརྗོད་སྤེལ་ཕྱིན་བསྟོད་བསྔགས་གཏོང་རྒྱུ་ཡིན་པར་སྙམ་པའི་བསམ་བློ་གུ་དོག་པོ་དེས་བསླད་པར་བདག་སེམས་སོ། །

        དོན་དངོས་ཐོག དཔྱད་བརྗོད་ནི་དཔྱད་པ་གཏོང་བ་ཞིག་ཡིན་པས། ལེགས་པའི་ཆར་བསྟོད་པའི་མཐེ་བོང་སྒྲེང་ཞིང་། ཉེས་པའི་ཆར་སྨད་པའི་ངར་ཁ་སྒྲོག་དགོས་པ་ནི་སྨྲ་མི་དགོས་པ་ཞིག་རེད། ཡིན་ནའང་། ལེགས་པར་ལེགས་ལུགས་ཡོད་ལ་ཉེས་པར་ཉེས་ཚུལ་ཡོད་པས། བསྟོད་པའི་མཐེ་བོང་སྒྲེང་བ་ལེགས་ཆ་བགྲང་ཞིང་དབྱེ་དཔྱད་ནན་ཏིག་བྱེད་པའི་ལམ་ནས་རང་བཞིན་གྱིས་མཚོན་པར་བྱེད་དགོས་ལ། སྨད་པའི་ངར་ཁ་སྒྲོག་པའང་སྐྱོན་སེལ་གྱི་གནས་ལུགས་འདྲེན་པའི་ཐོག་ནས་ལྷང་ལ་བུད་པ་བྱེད་དགོས་པ་མ་གཏོགས། ཚིག་སྐམ་བཙན་སྒྲིག་བྱས་པའི་ཁ་གཡང་ཙམ་གྱིས་རྔོ་ཅི་ཡང་ཐོགས་པར་མི་འགྱུར། 

        རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་གི་སྔོན་བྱུང་ལོ་རྒྱུས་དང་དེང་གི་འཕེལ་ཚུལ་ལ་བལྟས་པ་ཡིན་ན། རྩོམ་རིག་དཔྱད་བརྗོད་ལ་རང་ལུགས་དང་གྲུབ་མཐའ་མི་འདྲ་བ་བགྲང་གིས་མི་ལང་བ་ཙམ་ཡོད་ལ། དེ་དག་སོ་སོས་གང་ལ་དཔྱད་པར་བྱ་བའི་བརྩམས་ཆོས་ངེར་ཕྱོགས་སམ་ཟུར་སྣེ་གང་འདྲ་ཞིག་ནས་རིག་ལམ་གང་འདྲ་ཞིག་འདེད་དེ་དགག་སྒྲུབ་དཔྱད་གླེང་བྱ་བའི་ཚུལ་ཡང་མཐའ་ཡས་པ་ཙམ་ཡོད་མོད། བརྒྱ་བཤད་སྟོང་ལ་བཤད་ཀྱང་། ཡོས་ལ་འབབ་རྒྱུ་རྩམ་པ་ཞེས་པ་ལྟར། ཕུགས་གཏུགས་ས་དེ་གང་ལྟར་བརྩམས་ཆོས་ཀྱི་ལེགས་ཉེས་བླང་དོར་འབྱེད་པའི་ཐོག་བབ་དགོས་པས། ཕུལ་དུ་བྱུང་བའི་དགོངས་སྙིང་རླབས་པོ་ཆེའམ་སྒྱུ་རྩལ་གྱི་རང་མདངས་གཏིང་ནས་འབར་བ་དེར་བསྔོག་འདོན་དང་གསལ་འདེབས་ཀྱིས་གངས་ལ་ཉི་མ་ཤར་བ་ལྟ་བུར་བྱེད་ནའང་རུང་། དུས་མིན་བསམ་བློའི་སྙིགས་རོའམ་སྒྱུ་རྩལ་གྱི་མཚོན་སྟོབས་རྨང་ནས་ཤོར་བ་དག་ལ་བསུན་འབྱིན་དང་དགག་སྒྲུབ་ཀྱིས་མར་གྱི་ནང་ནས་སྤུ་བཏོན་པ་ལྟར་བྱེད་ནའང་རུང་། ཐམས་ཅད་ཀྱི་ཐམས་ཅད་དཔྱད་པ་སྔོན་སོང་གིས་རིག་པའི་ཕུ་ཐག་ཆོད་པ་ཞིག་དགོས་པ་ནི་གནད་ཀྱི་དམ་པ་རེད། དེས་ན། གནད་ཀྱི་དམ་པ་འདི་ཉིད་ལག་ལེན་གྱི་སྙིང་པོར་དྲིལ་ཐུབ་མིན་གྱི་འགག་རྩ་དེ་དཔྱད་བརྗོད་པ་རང་ངོས་ཀྱི་ཆ་རྐྱེན་ལ་ཐུག་གི་ཡོད་ཕྱིར། དཔྱད་བརྗོད་པའི་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་ཁ་ཚ་དགོས་གཏུགས་ཤིག་རེད་ལ། དེ་ཡང་བོད་ཀྱི་རྩོམ་རིག་དཔྱད་བརྗོད་ཀྱི་ད་ལྟའི་གནས་བབ་དང་སྦྱར་ཏེ་གཙོ་ཆེ་བའི་དབང་དུ་བྱས་ན་གཤམ་གསལ་གྱི་དོན་གནད་ཁག་ལ་དོ་གལ་ལམ་བསམ་གཞིགས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཏེ། 

        གཅིག   གནའ་དེང་ཕྱི་ནང་གི་རྩོམ་རིག་བརྩམས་ཆོས་གང་མང་བལྟ་ཀློག་གིས་རྩོམ་རིག་ཅེས་པ་ཡང་སྙིང་གང་འདྲ་ཞིག་ཡིན་པ་དང་། དེར་བྱུང་འཕེལ་གྱི་ལོ་རྒྱུས་དང་། ཁྱད་ཆོས། འཕེལ་རྒྱས་ཀྱི་ཆོས་ཉིད་སོགས་གང་འདྲ་ཞིག་ཡོད་པར་མྱོང་གྲུབ་ཀྱི་ངེས་ཤེས་འདྲོང་ཐུབ་པ་བྱ་དགོས་པ། 

        གཉིས། མཚན་ཉིད་རིག་པའི་བློ་སྦྱོང་ལ་ཤུགས་སྣོན་མཐའ་གཅིག་ཏུ་བརྒྱབ་ཏེ། ཡང་དག་པའི་འཇིག་རྟེན་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་སོགས་རྐང་ཚུགས་པོ་ཞིག་ཡོང་བ་བྱ་དགོས་པ་མ་ཟད། རྩོམ་རིག་གི་རིག་པའི་གཞུང་ལུགས་དང་། དེ་མིན་མཛེས་རིག་དང་། སེམས་ཁམས་རིག་པ། སྤྱི་ཚོགས་རིག་པ། ཆོས་ལུགས་རིག་པ། རིག་གནས་རིག་པ། འགྲོ་བ་མིའི་རིགས་རིག་པ་སོགས་རྩོམ་རིག་དང་འབྲེལ་བའི་རིག་ལམ་ཁག་ལ་རྒྱུས་མངའ་དང་གོམས་འདྲིས་ཐོན་པ་བྱ་དགོས་པ། 

        གསུམ། བོད་ཀྱི་རྩོམ་འབྱུང་ལོ་རྒྱུས་དང་། དེ་ཚུད་པའི་རིག་གནས་སྤྱིའི་ལོ་རྒྱུས་ཀྱི་གྲུབ་ལུགས་དང་འཕེལ་བགྲོད་ལས་མཚོན་པའི་སྲོལ་རྒྱུན་དང་། ད་ལྟའི་གནས་སྟངས། ཕྱིས་འབྱུང་གི་འཕེལ་ཕྱོགས་སོགས་ལ་གཏིང་ཚུགས་ཤིང་ཕྱོགས་སུ་མ་ལྷུང་པའི་བསམ་མནོ་བཏང་སྟེ་ངེས་ཤེས་གསལ་པོ་རྙེད་ཐུབ་པ་བྱ་དགོས་པ། 

        བཞི། འཛམ་གླིང་སྤྱིའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་། དུས་བབ་ཀྱི་ཁྱད་ཆོས་ལ་ཡིད་གཟབ་དང་བསམ་གཞིགས་ཀྱིས་དུས་རབས་ཀྱི་རླབས་རྒྱུན་གཡོ་ཕྱོགས་དང་བསམ་བློའི་ནང་སྙིང་ལ་ངོས་འཛིན་གསལ་ཁ་ཆོད་པ་ཞིག་ཐོབ་པ་བྱ་དགོས་པ་སོགས་སོ།

བདུན།

        སྤྱིར་རྩོམ་རིག་ཞེས་པ་འགྲོ་བ་མིའི་རིགས་ཀྱི་བླ་སྲོག་ཟིན་བྲིས་སུ་བཏབ་པ་ཞིག་ཡིན་ན། དེར་སྤྱི་མཐུན་གྱི་ཆ་ཞིག་ཡོད་པ་སྨོས་མི་དགོས། ཡིན་ནའང་། མི་བུ་གང་དུ་གནས་བཅའ་བའི་ཡུལ་གྱི་བཀོད་པ་མི་གཅིག་ལ། ཡུལ་དང་ཡུལ་ཅན་ཇི་ལྟར་འབྲེལ་བའི་ཚུལ་ལུགས་ཀྱང་མི་འདྲ་བས། ཟིན་བྲིས་དེ་ལས་མཐོང་བའི་མི་བུ་འཚོ་བའི་གཞི་རྟེན་དང་། རྟེན་དེ་ལ་གཞི་ཇི་ལྟར་བཅོལ་བའི་ཚུལ་ལུགས་ཀྱང་གཅིག་ཏུ་མ་ངེས་པའི་ངོ་མཚར་སྣ་མང་དུ་མཆིས་པ་གདོན་མི་ཟ། འདི་ནི་ཐུན་མིན་རང་མཚན་གྱི་ཆ་ཞིག་རེད། སྤྱི་མཐུན་དང་ཐུན་མིན་རང་མཚན་གྱི་ཆ་གཉིས་གཅིག་ཏུ་སྡེབ་པ་ལས་རྩོམ་རིག་གི་རང་གཤིས་རྣལ་མ་དེ་གྲུབ་ལ། དེ་ཡང་སྤྱི་མཐུན་གྱི་ཆ་དེ་ཁོང་དུ་ཞུགས་ནས་སྲོག་གི་དབང་པོ་སྦྱིན་ཞིང་། ཐུན་མིན་རང་མཚན་གྱི་ཆ་དེས་འཚོ་བཅུད་ཀྱི་ངར་ཁ་བླུད་དེ་སྲོག་གི་དབང་པོ་དེ་ཉིད་གསོན་ཤུགས་ཀྱིས་ཕྱུག་པར་བྱེད་ཀྱི་ཡོད། སྲོག་གི་དབང་པོ་འཚོ་བཅུད་ཀྱི་ངར་ཁར་བརྟེན་ནས་གསོན་ཤུགས་རྒྱས་ཀྱི་ཡོད་པ་ལྟར། རྩོམ་རིག་སྤྱི་མཐུན་གྱི་སྙིང་པོ་དེ་ཡང་ཐུན་མིན་རང་མཚན་གྱི་ཁྱད་ཆོས་ལ་བརྟེན་ནས་གསོན་ཉམས་དོད་པར་འགྱུར་གྱི་ཡོད་དེ། ང་ཚོས་རྒྱུན་པར་མི་རིགས་ཁྱད་ཆོས་ཇི་ཙམ་གསལ་བ་ཡོད་ན་འཛམ་གླིང་རང་བཞིན་དེ་ཙམ་གྱིས་ཤུགས་ཆེ་བ་ཡོད་ཅེས་ཤོད་ཀྱི་ཡོད་པའང་གནད་འདི་ལ་ཐུག་པ་རེད། 

        འོ་ན་བོད་ཀྱི་ཁྱད་ཆོས་ཡོངས་སུ་རྫོགས་པ་སྟེ། གངས་རིའི་འོད་མདངས་མངོན་པར་འཚེར་ཞིང་། མར་རྩམ་གྱི་དྲི་མ་གཏིང་ནས་ཁ་བ་ཞིག་ཇི་ལྟར་སྒྲུབ་དགོས་ཤེ་ན། གཙོ་བོ་བརྗོད་བྱ་གདམ་ལུགས་དང་། རྗོད་བྱེད་སྤེལ་སྟངས། རྗོད་བྱེད་ཚིག་གིས་བརྗོད་བྱའི་དོན་རྣམས་ཇི་ལྟར་མཚོན་ཚུལ་སོགས་གསུམ་སྟེ། མདོར་བསྡུས་ན་ནང་དོན་དང་རྣམ་པ་གཉིས་ཀྱི་ཐད་ནས་རྒྱུན་འཛིན་དང་གསར་གཏོད་དང་འབྲེལ་བའི་བསམ་གཞིགས་ཀྱི་འཁོར་ལོ་སྐོར་ཞིང་ལག་ལེན་གྱི་སྟངས་སྟབས་བསྒྱུར་དགོས་པར་སྙམ། ངོ་བོའི་ཐོག་ནས་བཤད་པ་ཡིན་ན་རྩོམ་རིག་དེ་ཉིད་མིའི་རིག་པ་ཡིན་པས། གང་དེས་ཡུལ་ལྗོངས་དང་། ཁོར་ཡུག་དོན་རྐྱེན། བྱ་སྒུལ། སྐད་བརྡ། སེམས་ཁམས་སོགས་ཞིབ་འབྲི་བྱེད་པ་ཐམས་ཅད་ཀྱང་མི་སྣའི་སྣང་བརྙན་གསོན་ཉམས་དོད་པོར་བཀོད་བཞེངས་བྱ་རྒྱུར་རོགས་འདེགས་བྱེད་པ་རེད་ལ། དེ་ཡང་མཐར་གཏུགས་ན་མི་གཤིས་ཀྱི་རང་བཞིན་ལ་གཏིང་ཚུགས་པའི་བསྔོག་འདོན་དང་མངོན་མཚོན་བྱ་ཕྱིར་རེད། དེ་ནི་རྩོམ་རིག་གི་བླང་བྱ་ཆེས་མཐོ་བ་ཞིག་རེད། ཡིན་ནའང་། མི་གཤིས་ཞེས་པ་ཡུལ་དུས་གནས་སྐབས་བྱེ་བྲག་པ་ཞིག་གི་ནང་བྱུང་ཞིང་ཆགས་པ་དང་། འགྱུར་ཞིང་འཕེལ་བ་ཞིག་རེད་མ་གཏོགས་ཅང་མེད་ནམ་མཁའི་ལྷ་མོ་ལྟ་བུ་ངོས་བཟུང་མེད་པའི་སྤྱི་མཚན་སྐམ་པོ་ཞིག་གཏན་ནས་མ་རེད། དེར་བརྟེན། མི་གཤིས་ཆགས་གྲུབ་ཡོང་སའི་ཡུལ་དུས་གནས་སྐབས་བྱེ་བྲག་པ་དེར་ཉང་ཞིབ་ཀྱིས་ངོས་འཛིན་གསལ་ཁ་ཐོན་པ་ཐོབ་ཐབས་བྱ་དགོས་ལ། གང་དེའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་། འཕེལ་རིམ་དེ་དག་ཆད་མེད་གཞི་གཅིག་ཏུ་སྦྲེལ་བར་བྱེད་པའི་སྲོག་ཤིང་ངམ་དབུགས་རྒྱུན་ལྟ་བུར་གྱུར་པའི་རིག་གནས་ཀྱི་ཆགས་ལུགས་གྲུབ་སྟངས་བྱེ་བྲག་པ་ནི་ཨ་ཡོད་ནང་གི་ད་ཡོད་དང་། སྒོང་ངའི་ནང་གི་སེར་རིལ་ལྟ་བུ་ཡིན་པས། དེར་མྱོང་འདྲིས་དང་སྦྱར་བའི་ངེས་ཤེས་སྒྲོ་འདོགས་ཆོད་པ་ཞིག་རྙེད་པ་བྱ་རྒྱུ་ནི་དེ་བས་གལ་ཆེ་བ་ཞིག་རེད། 

        སྤྱིར་རིག་གནས་ཅེས་པ་ཡང་སྙིང་གང་འདྲ་ཞིག་ཡིན་པའི་སྐོར་ལ་བཤད་ཚུལ་འདོད་སྟངས་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་མ་ཟད། རིགས་དང་རྣམ་དབྱེའི་ཁྱད་པར་ཡང་འཇོག་ཚུལ་མི་འདྲ་བ་མཐའ་ཡས་པ་ཙམ་ཡོད་མོད། མི་རིགས་ཀྱི་བླ་སྲོག་ཟིན་བྲིས་སུ་འདེབས་པའམ་སྐྱིད་སྡུག་གི་མྱོང་བ་དབྱངས་སུ་གྱེར་བར་བརྟེན་ནས་ལོ་རྒྱུས་ཀྱི་རང་བཞིན་རྗེན་པར་གསལ་ལ་སྙེག་པའི་རྩོམ་རིག་པ་ཞིག་གི་ངོས་ནས་བཤད་ན། རིག་གནས་ཀྱི་མངོན་ཚུལ་བྱེ་བྲག་པ་སོ་སོར་འདྲིས་ཆ་དགོས་པ་སྨོས་མེད་ཐོག  དེ་བས་མངོན་ཚུལ་བྱེ་བྲག་པ་དེ་དག་གི་ཁོང་ན་ཞུགས་པའི་སྲོག་སྙིང་སྟེ་རིག་གནས་ཀྱི་སྲོལ་རྒྱུན་ལ་ངོས་ཟིན་གཏིང་ཚུགས་པ་ཞིག་ལོན་པ་ཅིས་ཀྱང་བྱ་དགོས། རང་རེ་བོད་མི་རིགས་ལ་ཆ་བཞག་ན་གངས་རིའི་མུ་མཁྱུད་ཀྱིས་མཐའ་ནས་སྐོར་བའི་མདོ་དབུས་མཐོ་སྒང་འདིར་འཚོ་ཞིང་གཞེས་ནས་མི་ལོ་སྟོང་ཕྲག་མང་པོ་ཕྱིན་ཡོད་ལ། ལོ་རྒྱུས་ཀྱི་འཕེལ་རིམ་སོ་སོའི་ནང་ལྟོ་གོས་གཏམ་གསུམ་དང་སྦྱར་བའི་འགྲོ་འདུག་འཆག་ཉལ་གྱི་རྩོལ་བ་དང་དེ་འབྲེལ་གྱི་འབྲས་བུ་ལས་གྲུབ་པའི་རིག་གནས་ཕུན་སུམ་ཚོགས་པོ་ཞིག་སྐྲུན་ཡོད་པ་མ་ཟད། དེ་དག་ཀྱང་ཡུལ་དུས་གནས་སྐབས་སོ་སོའི་དགོས་དབང་དང་བསྟུན་པར་སྙིགས་དོར་བཅུད་ལེན་གྱི་སྤངས་བླངས་རབ་དང་རིམ་པ་བྱས་ཏེ་ཐུན་མོང་མ་ཡིན་པའི་རྒྱུན་སྲོལ་རིག་གནས་རབ་དང་རིམ་པ་ཆགས་ཤིང་གྲུབ་ཡོད་པ་དང་། དེ་བས་སྔར་ཡོད་རིག་གནས་ལ་རྒྱུན་འཛིན་དང་དུས་བསྟུན་བསྒྱུར་བཀོད་ཇི་ལྟར་བྱས་པའི་ཐོག་ནས་ང་ཚོ་ཁ་བ་རི་པའི་རིག་གནས་ཀྱི་སྲོལ་རྒྱུན་ཏེ། རང་བྱུང་ཁམས་ལ་དུངས་ཞེན་ཇི་འདྲ་བྱེད་པ་དང་། རང་སེམས་སྙིམ་པོ་ཇི་ལྟར་འདུལ་བ། ཕུགས་ཡུལ་མ་འོངས་ཕྱོགས་ལ་སྨོན་སེམས་དང་རེ་དོགས་ཅི་འདྲ་ཞིག་འཆང་བ་སོགས་གསལ་ལེར་མངོན་འོང་གི་ཡོད། དེས་ན། རྩོམ་རིག་ལ་འཇུག་པ་རྣམས་ནས་བོད་མིའི་ཡུལ་གོམས་གཤིས་ལུགས་དང་། བསམ་པའི་འཁྱེར་བཟོ། བྱ་བའི་སྤྱོད་སྟངས་སོགས་ཀྱིས་མཚོན་པའི་རྒྱུན་སྲོལ་རིག་གནས་ལ་རྒྱུས་མངའ་ཡོད་དགོས་ལ། དེ་དག་རིག་གནས་ཀྱི་གོང་བུ་གཅིག་ལ་སྒྲིལ་ཞིང་ལོ་རྒྱུས་ཀྱི་རྒྱུན་གཅིག་ཏུ་མཐུད་པར་བྱེད་པའི་སྲོག་ཤིང་སྟེ། རིག་གནས་སྲོལ་རྒྱུན་ལ་རྐང་ཚུགས་པའི་ངེས་ཤེས་རྙེད་པ་བྱ་དགོས་པ་མ་ཟད། དེར་དུས་དང་འཚམ་པའི་འཚོ་བཅུད་ཀྱི་ངར་ཁའང་བླུད་ཐུབ་པ་བྱེད་དགོས། དེ་ལྟར་བྱུང་ན། ད་གཟོད་“རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་སྒོམ”སྟེ་མཁྲེགས་བཟུང་དམ་འཛིན་བྱེད་པའི་འདམ་དུ་མི་བྱིང་ལ། ཉྭ་ལ་འཁྲིལ་བའི་དོག་ཚལ་ལྟར་ཕན་མེད་གནོད་བྱེད་འབའ་ཞིག་ཏུ་སེམས་པའི་གཡང་སར་ཡང་ལྷུང་དོན་མེད་པས། མར་རྩམ་གྱི་དྲི་མ་གཏིང་ནས་ཁ་ཞིང་དུས་ཀྱི་འཛུམ་རིས་ལྷུག་པར་དགོད་པའི་རྩོམ་རིག་གི་སྟོན་མོ་ཡི་གར་འོང་བ་ཡང་ནས་ཡང་དུ་བཤམ་ཐུབ་པའི་རེ་བ་ཡོད་པ་རེད། 

        རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཞིག་སྟེ། ཕྱི་སྐེད་བརྡའི་ཉམས་ལ་བརྟེན་ནས་ནང་དོན་གྱི་འགྱུར་བག་མངོན་པར་མཚོན་པ་ཞིག་རེད་ལ། ཡང་སྐད་ཆ་ནི་མི་རིགས་ཤིག་གྲུབ་པའི་དན་རྟགས་བཙན་བརྗིད་ཆེ་བ་ཞིག་ཡིན་པས། རྩོམ་རིག་གི་སྒྱུ་རྩལ་རང་བཞིན་མཐོ་ནས་མཐོ་རུ་འདེགས་དགོས་ནའང་རུང་། སྒྱུ་རྩལ་དེའི་ཐུན་མིན་གྱི་མི་རིགས་ཁྱད་ཆོས་མངོན་པར་གསལ་བ་ཞིག་བྱེད་ནའང་རུང་། ཐམས་ཅད་སྐད་བརྡའི་ཁྱད་པར་ལ་རག་ལུས་པ་ཡིན་ན། གང་དེའི་རང་བཞིན་དང་བྱེད་ལས་ལ་ཡིད་གཟབ་དང་གཙིགས་མཐོང་ཆེན་པོ་བྱེད་དགོས་པ་ནི་སྨྲ་མི་དགོས་པའི་གནད་ཉིད་དུ་འཁུམས། 

        རང་རེ་བོད་ཀྱི་རྩོམ་རིག་ལ་《སྲིད་པ་ཆགས་གླུ་》ལྟ་བུའི་གདོད་མའི་སྙན་ངག་ཕར་བཞག “ཆབ་ཆབ་ནོ་ཕ་རོལ་ན། ཡར་ཆབ་ནོ་ཕ་རོལ་ན་”ལྟ་བུ་རྗེ་བློན་བར་བཞེངས་པའི་གསུང་མགུར་སྙན་ཞིང་འབེབས་པ་དེ་དག་ནས་རྩིས་ནའང་ལོ་ངོ་སྟོང་ཕྲག་བརྒལ་བའི་བྱུང་འཕེལ་གྱི་ལོ་རྒྱུས་ཡོད་ལ། རང་གཤིས་གསལ་བའི་ཕུལ་བྱུང་བརྩམས་འབྲས་ནམ་མཁའི་སྐར་ཚོགས་ལྟར་བགྲང་གིས་མི་ལང་བ་ཞིག་ཤུལ་དུ་བཞག་ཡོད་པ་དེ་དག་གིས་སྐབས་སོ་སོའི་སྤྱི་ཚོགས་ཀྱི་གནས་བབ་དང་། བསམ་བློའི་འཁྱིར་སོ། རིག་གནས་ཀྱི་ཁྱད་ཆོས་སོགས་མངོན་པར་མཚོན་གྱི་ཡོད་པ་མ་ཟད། དེ་བས་སྐད་བརྡའི་སྤྱོད་སྟངས་དང་། ཚེག་གི་སྦྱོར་བ་སྤེལ་ཚུལ། རྒྱན་གྱི་མཛེས་ཆ་སྤྲོས་ཐབས། དོན་གྱི་འགྱུར་བག་ངོམ་ལུགས། རྩོམ་གྱི་གཤིས་ཀ་སྒྲུབ་ཚུལ་སོགས་སྒྱུ་རྩལ་གྱི་མངར་ཁང་ལྟར་སྐྲུན་པའི་ཐབས་དང་ལམ་བུ་ཚར་དུ་དངར་བ་མང་པོ་ཞིག་ཉམས་མྱོང་གི་དྲོད་མ་ཡལ་བར་བསགས་ཉར་བྱས་ཡོད་པ་རེད། ཕུལ་དུ་བྱུང་བའི་བརྩམས་འབྲས་ཀྱི་གཡུ་བྱུར་མུ་ཏིག་དེ་དག་ལོ་རྒྱུས་ཀྱི་སྟོང་སྐུད་གཅིག་གིས་བརྒྱུད་པ་ལས་ཡིད་དབང་འཕྲོག་པའི་རྩོམ་རིག་གི་ཕྲེང་བ་ཚར་དུ་དངར་བ་ཞིག་གྲུབ་ལ། ཕྲེང་བ་དེ་ལས་ཐུན་མིན་གྱི་མདངས་དང་བྲོ་བ་སྐྱེད་ཅིང་། གཞན་གྱིས་འགྲན་དུ་མེད་པའི་བྱིན་རླབས་ཤིག་འབར་གྱིན་ཡོད་པ་ནི་བོད་ཀྱི་རྩོམ་རིག་གི་རང་གཤིས་རྣལ་མ་དེ་རེད། བོད་ཀྱི་དེང་རབས་རྩོམ་རིག་མཐོན་པོ་གནམ་ནས་ཐོལ་གྱིས་བབ་པ་མ་རེད་ལ། དོག་མོ་ས་ནས་རང་བཞིན་གྱིས་རྡོལ་བ་ཡང་མིན་པར། ལོ་རྒྱུས་ཀྱི་རྒྱུན་ཞིག་གི་སྣེ་ལ་མཐུད་དེ་སྔོན་མེད་ཀྱི་ལེགས་བཤད་གསར་པའི་དགའ་སྟོན་རྩོམ་པར་རིངས་པ་ཞིག་ཡིན་མོད། ད་ལྟའི་ཆར་གོམ་བགྲོད་དེ་ཙམ་མི་མྱུར་ལ། བརྟན་ཆ་ཡང་དེ་ཙམ་མི་དོད་དེ། ཨ་མའི་ནུ་ཞོ་འཐུང་རྒྱུ་ཉུང་དྲགས་པས་ལུས་ཀྱི་ཟུངས་ཤུགས་མི་འདེང་བའི་རང་མཚང་ཤད་ཀྱིས་མངོན་འོང་། དེས་ན། བོད་ཀྱི་དེང་རབས་རྩོམ་རིག་གི་སྲོག་གམ་སྙིང་པོ་སྐྱེད་ཕྱིར་རྩོམ་རིག་གི་ལས་ལ་འཇུག་པ་རྣམས་པས་ཕྱོགས་གཅིག་ནས་གོང་དུ་བཤད་པ་ལྟར་བོད་ཀྱི་རིག་གནས་དང་གང་དེའི་སྲོལ་རྒྱུན་ལ་རྒྱུས་མངའ་དང་ངེས་ཤེས་འདྲོང་ཤུགས་ཆེ་རུ་གཏོང་དགོས་ལ། ཕྱོགས་གཞན་གཅིག་ནས་དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིག་གཉིས་ཀ་ཚུད་པའི་བོད་ཀྱི་རྒྱུན་སྲོལ་རྩོམ་རིག་ལ་སློབ་སྦྱོང་དང་གོམས་འདྲིས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཚིག་གི་སྤེལ་སྟངས་དང་། རྒྱན་གྱི་སྦྱོར་ལུགས། དོན་གྱི་སྟོན་ཚུལ། རྩོམ་གཤིས་ཁྱད་པར་བ་སྒྲུབ་ཐབས་སོགས་ཚིག་དོན་སྦྲེལ་ཚུལ་ལམ་སྒྱུ་རྩལ་མཚོན་ཐབས་ཐད་བོད་སྐད་ཡིག་གི་འགྲོ་ལུགས་དང་མཐུན་ཅིང་སྒྱུ་རྩལ་གྱི་བྲོ་བ་གཏིང་ནས་བསྐྱེད་པའི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡོང་རྒྱུར་བརྩོན་ལེན་བྱེད་དགོས་སོ།།

བརྒྱད།

        བུ་ཆུང་འཚར་ལོངས་ཀྱི་ལུས་ཟུངས་བསྐྱེད་རྒྱུར་ལྟོས་ན་ཨ་མའི་ནུ་ཞོ་ནི་མེད་དུ་མི་རུང་བ། འདྲན་པའི་ཟླ་དང་བྲལ་བ་ཞིག་ཡིན་མོད། ནམ་ཡང་ཨ་མའི་ནུ་ཞོ་འཇིབ་ནས་འདུག་པ་ནི་འཚར་རྒྱུ་མེད་པའི་བུ་ཆུང་ནུས་མེད་ཨ་མའང་ཡི་མུག་པ་ཙམ་དུ་ཟད། ལོ་ངོ་སྟོང་ཕྲག་བརྒལ་བའི་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ནང་བོད་ཀྱི་རྩོམ་རིག་ལའང་རིག་གནས་སྤྱི་དང་འདྲ་བར་འཕེལ་རྒྱས་ཤུགས་ཆེན་བྱུང་ཡོད་ལ། རིན་ཐང་བྲལ་བའི་རྩོམ་རིག་གི་ཤུལ་བཞག་ཀྱང་རི་བོའི་གཏོས་དང་མཉམ་པ་ཙམ་ཡོད་པ་དེ་དག་ནང་དོན་དང་། རྩོམ་ལུགས་ཐབས་རྩལ་སོགས་གང་ཅིའི་ཐད་ནས་ཧ་ལས་ཤིང་ཧང་སངས་དགོས་པའི་ཡོན་ཏན་གྱིས་ཕྱུར་བུར་གཏམས་ནས་ཡོད་པས། རྒྱལ་ཡོངས་ཙམ་མ་ཟད་ཐ་ན་འཛམ་གླིང་མི་རིགས་ཁག་གི་རྩོམ་རིག་རིག་གནས་ཀྱི་འདུ་ཁང་ཆེན་པོའི་ནང་ཡང་རང་ཉིད་ལ་དབང་བའི་གདན་ཐོབ་མི་དམན་པ་ཞིག་བཟུང་ཡོད་པ་རེད། འདི་ནི་ང་ཚོ་ཁ་བ་རི་པའི་རྒྱུད་པ་རྣམས་མུ་མཐུད་མདུན་ནས་མདུན་དུ་བསྐྱོད་པའི་ལམ་རྒྱགས་བཅུད་དང་ལྡན་པ་ཞིག་རེད་མ་གཏོགས། ཅོལ་ཆུང་ཟ་ཉལ་གྱིས་རོལ་དུ་ཆོག་པའི་ཕ་གཞིས་སྙིང་དུ་སྡུག་པ་ཞིག་གཏན་ནས་མ་རེད། དེས་ན། ས་བཅད་གོང་མར་རང་རེ་བོད་ཀྱི་རྒྱུན་སྲོལ་རིག་གནས་དང་རྩོམ་རིག་ལ་རྒྱུས་མངའ་དང་། དེ་དག་གི་འཕེལ་འགྱུར་ལས་མཚོན་པའི་སྲོལ་རྒྱུན་གྱི་ནང་སྙིང་དང་རང་གཤིས་ལ་སློབ་སྦྱོང་དང་གོམས་འདྲིས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་སྨྲས་པའང་སྔོན་མེད་ལེགས་བཤད་གསར་པའི་དགའ་སྟོན་རྩོམ་པར་མེད་དུ་མི་རུང་བའི་རྨང་གཞིའམ་སྔོན་འགྲོའི་ཆ་རྐྱེན་དུ་བསམ་པ་ཡིན་གྱི། མ་རྨོས་པའི་ལོ་ཏོག་ལ་བརྟེན་ཏེ་མཇུག་རིང་སྤྲེའུའི་རྣམ་ཐར་མུ་མཐུད་བག་ཡངས་སུ་སྐྱོང་བར་འདོད་པ་ནི་ཅིས་ཀྱང་མིན། 

        རྩོམ་རིག་ནི་རིག་གནས་ཀྱི་གྲུབ་ཆ་དང་མཚོན་ཚུལ་གལ་འགངས་ཆེ་བ་ཞིག་ཡིན་པས། གང་དེའི་འཕེལ་རྒྱས་ཀྱང་རིག་གནས་སྤྱི་དང་འདྲ་བར་རྒྱུན་འཛིན་དང་གསར་གཏོད་ཀྱི་ཆ་གཉིས་འགལ་འདུ་གཅིག་བསྡུས་སུ་འཐབ་ཅིང་སྦྲེལ་བའི་ལམ་ནས་མངོན་དུ་འགྱུར་གྱི་ཡོད་པ་སྨོས་ཅི་དགོས། རྒྱུན་འཛིན་གྱི་ནང་སྙིང་མེད་པའི་གསར་གཏོད་དེ་ནམ་མཁའི་པད་མོའི་རོགས་ཟླར་ཆས་འགྲོ་ལ། གསར་གཏོད་ཀྱི་བཅུད་དང་བྲལ་བའི་རྒྱུན་འཛིན་ཡང་སྡོང་རྒན་སྐམ་རུལ་གྱི་ལས་དབང་ལས་ཐར་རེ་སྐན། རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། གཞན་གྱི་ལེགས་ཆ་བསྡུ་ལེན་གྱིས་རང་གི་སྟོང་ཆ་སྐོང་ཞིང་ཞན་ཆ་སེལ་བ་ནི་གསར་གཏོད་ཀྱི་ཐབས་ལམ་དམ་པར་འཁུམས། དེ་ནི་འཛམ་གླིང་ཁྱོན་གྱི་རྩོམ་རིག་དང་རིག་གནས་གོང་ནས་གོང་དུ་འཕེལ་བའི་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་པའི་སྤྱི་མཐུན་གྱི་ཆོས་ཉིད་ཅིག་རེད། རང་རེ་བོད་ལ་ཆ་བཞག་ན། ལོ་རྒྱུས་ཀྱི་གཙང་ཆབ་སྔོན་མོའི་བཞུར་རྒྱུན་ཁྲོད་མཐོ་སྒང་གི་ཆུ་ཕྲན་ཐམས་ཅད་གཅིག་ཏུ་བསྡུས་པ་མ་ཟད། སྤྱན་ཡངས་དཀྱེལ་ཆེས་རྒྱ་དཀར་ནག་དང་། ཨོ་རྒྱན། ཏ་ཟིག་སོགས་མཐའ་གྲུའི་ཆུ་སྣ་ཁག་ཀྱང་མང་པོ་ཞིག་གང་ཐུབ་ཅི་ནུས་ཀྱིས་ཁ་ལྗོངས་རིག་པའི་ཞིང་ས་གཤིན་པོ་རུ་དྲངས་པར་བརྟེན་ཤེས་རིག་འབྲུ་དྲུག་གི་སྙེ་མ་སེར་ལྷོག་ལྷོག་ཏུ་སྨིན་པར་གྱུར་ཡོད་ལ། ཡང་སྒོས་རྩོམ་རིག་གཅིག་པུར་ལྟོས་ནས་བཤད་ནའང་《སྐྱེ་བོ་གསོ་ཐིགས》དང་《ཤེས་རབ་སྟོང་བུ》སོགས་ལེགས་བཤད་དང་། 《ཁྱད་པར་འཕགས་བསྟོད》དང་《ལྷ་ལས་ཕུལ་བྱུང་གི་བསྟོད་པ》《སྤྲིན་གྱི་ཕོ་ཉ》《དཔག་བསམ་འཁྲི་ཤིང》སོགས་སྙན་ངག《ཀླུ་ཀུན་ཏུ་དགའ་བའི་ཟློས་གར》དང་《འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར》སོགས་ཟློས་གར་རྩོམ་རིག 《མདོ་མཛངས་བླུན》དང་《སྐྱེས་རབས་སོ་བཞི་པ》《ལས་བརྒྱ་པ》སོགས་ཆོས་སྒྲུང་། 《འཕགས་པ་རྒྱ་ཆེར་རོལ་བ་》དང་《དམ་ཆོས་པད་མ་དཀར་པོ》སོགས་རྟོགས་བརྗོད་རྩོམ་རིག《མེ་ལོང་མ》ལྟ་བུའི་རྩོམ་རིག་གཞུང་ལུགས་སོགས་མང་དག་ཅིག་བོད་བསྒྱུར་ནང་འདྲེན་བྱས་པའི་ཤུགས་རྐྱེན་ལ་བརྟེན་ནས་བོད་ཀྱི་རྩོམ་རིག་བྱ་གཞག་སྤྱི་ལ་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་སྔ་ན་མ་གྲགས་པ་རབ་དང་རིམ་པ་ཐོབ་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རེད། 

        ཡིན་ནའང་། མཐོ་བརྗིད་གངས་རིའི་མུ་མཁྱུད་ཀྱིས་མེས་པོའི་མཐོང་ལམ་བཀག་ལ། བང་མཛོད་འགེང་མགོ་ཚུགས་པའི་ཡོད་ངོམ་གྱིས་ང་ཚོའི་སྒྱིད་པ་ལུག་སྟེ། རང་རློམ་རྫིང་ཆུང་གཅིག་ལ་བརྟེན་པའི་ངན་མཚང་གིས་འབྲུ་དྲུག་སྙེ་མའི་མགོ་བོ་རྙིད་ཅིང་སྨད་པར་བྱེད་པའི་ཐན་ལྟས་ཀྱང་རིང་མོ་ཞིག་ནས་བསྟན་ཟིན། ལོ་རྒྱུས་ཀྱི་མཚམས་ཚིགས་གསར་པ་ཞིག་གིས་སྐལ་པ་བཟང་པོའི་དགའ་སྟོན་འབུམ་དུ་སྤྲོ་བའི་རྟེན་འབྲེལ་སྒྲིག་མོད། གངས་ལྗོངས་རྩོམ་རིག་གི་སྒེག་མོ་ནི་འཚོ་བཅུད་དོ་སྙོམ་མིན་པའི་ཡོ་འཁྱོག་དེ་བཅོས་མ་ཐུབ་པའམ་བསྲངས་ཐལ་དུ་ཤོར་ཏེ་སྔར་བཞིན་རྐང་པ་འཐེང་པོར་གདའ་སྟེ། སྐོར་ཞིག་གིས་མེས་པོའི་བང་མཛོད་ཤུལ་དུ་འཛིན་པའི་རང་རློམ་གྱིས་མར་རྩམ་རྙིང་དྲི་ཚུབ་ཚུབ་སྟོན་ཞིང་ངོམ་པར་བྱེད་པ་དང་། སྐོར་ཞིག་གིས་ནི་དུས་བསྟུན་གསར་གཏོད་ཡིན་པའི་ཁེངས་སེམས་དང་བཅས་རྩ་བ་དོར་ཏེ་ཡལ་ག་མཛེས་པར་བྱེད་པ་ལས། འཚོ་བཅུད་ལ་ཁ་གསབ་དང་། ཡོ་འཁྱོག་ལ་བསྲང་ཐབས་ལུགས་དང་མཐུན་པ་ཞིག་མ་བྱུང་བར་བརྟེན། མཐའ་གཉིས་ཤེད་ཀྱིས་འཐེན་པའི་གསེང་བར་ནས་གངས་ལྗོངས་རྩོམ་རིག་གི་དགའ་མར་ཡོད་དགོས་ལ་ཡོད་ཀྱང་ངེས་པའི་ཉམས་འགྱུར་ཀུན་ཆུད་འཛའ་བཞིན་སྣང་། 

        དེར་བརྟེན། བོད་ཀྱི་རྩོམ་རིག་འདི་བཞིན་ཉམས་པ་སོར་ཆུད་དང་། མ་ཉམས་གོང་དུ་སྤེལ་དགོས་ན་ངེས་པར་དུ་གནའ་དེང་ཕྱི་ནང་གི་ཕུལ་དུ་བྱུང་བའི་རྩོམ་རིག་གི་བརྩམས་བྱ་དང་གཞུང་ལུགས་ཁྱད་དུ་འཕགས་པ་ཐམས་ཅད་བོད་ཡིག་ཏུ་ཕབ་བསྒྱུར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་ནི་རྣག་ཐོག་གི་བཙག་དང་ནད་ཐོག་གི་སྨན་ལྟར་གནད་ལ་འཕིགས་པའི་ཐབས་ལམ་ཉག་ཅིག་ཏུ་འཁུམས། འདི་ལྟར་བྱས་ན་བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་གཏོང་རྒྱུའི་ཐད་མ་མཐར་ཡང་གཤམ་གསལ་ལྟར་གྱི་ཕན་ནུས་དགེ་མཚན་ལྡན་པ་ཐོན་ཐུབ་སྟེ།  རྒྱལ་ཁབ་བམ་མི་རིགས་གཞན་གྱི་གནའ་དེང་རྩོམ་རིག་བརྩམས་བྱ་ཕུལ་དུ་བྱུང་བ་མང་དག་ཅིག་བོད་ཡིག་ཏུ་ཕབ་བསྒྱུར་བྱ་ཐུབ་ན། སྤྱིར་བོད་ཀྱི་རྩོམ་རིག་གི་བང་མཛོད་ཕྱུག་ནས་ཕྱུག་ཏུ་འགྲོ་རྒྱུ་རེད་ལ། དཀོར་ནོར་གྱི་རིགས་དང་རྣམ་པའང་ཕུན་སུམ་ཇེ་ཚོགས་ནས་ཇེ་ཚོགས་སུ་ཕྱིན་ཏེ། ལོ་རྒྱུས་ཀྱི་ཉམས་འགྱུར་གསལ་ཞིང་དུས་རབས་ཀྱི་རྗེས་ཆོད་པའི་དཀོར་མཛོད་ཡི་གར་འོང་བ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་དང་གཅིག

        རྩོམ་རིག་ཞེས་པ་ཡང་སྙིང་ཅི་འདྲ་ཞིག་ཡིན་པའམ་ཡིན་དགོས་པ་དང་། དེས་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་ལ་དོ་ཁུར་དང་བསམ་གཞིགས་ཇི་ལྟར་བྱ་དགོས་པ། དོ་ཁུར་དང་བསམ་གཞིགས་གང་བྱས་པ་དེ་ཐབས་ལམ་ཅི་འདྲ་ཞིག་ལ་བརྟེན་ནས་མངོན་པར་མཚོན་དགོས་པ་སོགས་རྩོམ་རིག་གི་ངོ་བོའི་རང་བཞིན་དང་འབྲེལ་བའི་དོན་གནད་མང་པོ་ཞིག་ལ་སྔར་མེད་ཀྱི་ངོས་འཛིན་གསར་པ་ཐོབ་རྒྱུ་རེད་ལ། དེ་ལ་བརྟེན་ནས་རང་རེ་ཁ་བ་རི་པའི་རྩོམ་རིག་གི་བསམ་བློའམ་ལྟ་ཚུལ་ལ་དུས་དང་མཐུན་པའི་འགྱུར་ལྡོག་འོས་ཤིང་འཚམ་པ་ཞིག་ཐོབ་སྟེ། རྒྱལ་ཁབ་བམ་མི་རིགས་གཞན་གྱི་གནའ་དེང་རྩོམ་རིག་བརྩམས་བྱ་ཕུལ་དུ་བྱུང་བར་བལྟ་ཀློག་མྱོང་རོལ་བྱ་ཐུབ་པ་མ་ཟད། མར་རྩམ་གྱི་དྲི་ངད་འཐུལ་ལ་མི་གཤིས་ཀྱི་རང་མདངས་གསལ་ཞིང་དུས་རབས་ཀྱི་ཉམས་འགྱུར་རྫོགས་པའི་གངས་རིའི་རྩོམ་རིག་གསར་པ་ལེགས་སྐྱེས་སུ་བསྟར་བའི་ཀུན་སློང་ངམ་སྒུལ་ཤུགས་ཤིག་ངང་གིས་སྐྱེ་བར་འགྱུར་བ་དང་གཉིས། 

        བོད་ཀྱི་རྩོམ་པ་པོ་མང་ཤོས་ཤིག་ལ་ལྟོས་ནས་བཤད་ན། རང་རེ་བོད་ཀྱི་རྒྱུན་སྲོལ་རྩོམ་རིག་གི་གཏིང་རིམ་ན་འཕྱོ་ཞིང་རྩེན་པའི་རིག་གནས་ཀྱི་སྲོལ་རྒྱུན་ལ་ཕུ་ཐག་ཆོད་པའི་ངེས་ཤེས་ཤིག་འདྲོངས་པ་དཀའ་ནའང་། གང་ལྟར་དགའ་དད་མོས་པའི་སྟོབས་ཤིག་གིས་དེད་དེ་དེ་རང་ཚད་མར་འཛིན་རྐྱང་བྱེད་པ་ལས། བསྲེག་བཅད་བརྡར་བའི་དཔྱད་པ་དང་འབྲེལ་བའི་ཉམས་ལེན་གྱི་ཉག་ཕྲ་བ་མ་ཟད། ཚད་གཞི་དེ་རང་འཁྱེར་ཏེ་རྒྱལ་ཁབ་བམ་མི་རིགས་གཞན་གྱི་རྩོམ་རིག་ལ་བལྟ་ཀློག་དང་གདེང་འཇོག་བྱེད་ཀྱི་ཡོད་པས། བརྡ་མ་འཕྲོད་པའི་གནས་ཚུལ་ཡང་ནས་ཡང་དུ་ཡོང་གི་ཡོད་པ་ནི་སྨྲ་མི་དགོས་པ་ཞིག་རེད། དོན་དངོས་ཐོག གཞན་ལ་བལྟ་བའི་མིག་ཡོད་ཀྱང་། རང་ལ་བལྟ་བའི་མེ་ལོང་དགོས་ཞེས་པ་ལྟར་ཡིན་ན། ཕྱི་རྩོམ་བོད་བསྒྱུར་བྱས་པ་དེས་ང་ཚོར་རང་ཉིད་ཀྱི་ངོ་རིས་གསལ་པོར་མཐོང་བའི་མེ་ལོང་ཞིག་མཁོ་འདོན་བྱེད་ངེས་རེད་ལ། རང་རེའི་རྩོམ་པ་པོ་རྣམས་ཀྱི་རྩལ་ལག་ཡངས་པར་རློམས་ཀྱང་རྐྱལ་ས་ཁྲོན་པ་ལས་མ་འདས་པའི་སྣང་ཚུལ་འུ་ཐུག་པ་དེར་ཡང་གསར་བརྗེའི་རང་བཞིན་གྱི་འཕོ་འགྱུར་ཡོང་ངེས་ཡིན་པ་དང་གསུམ། 

        སྤྱི་ཚོགས་ཁྱོན་ཡོངས་ལ་འཕུར་བ་ལྟ་བུའི་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། བྱ་དངོས་མང་པོ་ཚི་དྲེག་དང་བཅས་ལོ་རྒྱུས་ཀྱི་སྟེགས་བུ་ལས་ཡོལ་འགྲོ་བ་དང་། སྔར་མེད་གསར་བྱུང་མང་པོ་ཞིག་ཉིན་རེ་བཞིན་ང་ཚོའི་འཚོ་བའི་ནང་ཐོན་དང་ཐོན་མུས་སུ་ཡོད་པས། སྤྱི་ཚོགས་འཚོ་བའི་ཚུར་སྣང་ངམ་མཚོན་བྱེད་དུ་གྲུབ་པའི་རྩོམ་རིག་གི་སྐད་བརྡ་དང་དེའི་སྦྱོར་ཚུལ་ལ་ཡང་མཚོན་བྱ་ཡུལ་གྱི་འཕེལ་བགྲོད་དང་འཚམ་པའི་འཕོ་འགྱུར་ཞིག་དགོས་ངེས་ཡིན་ན། ཕྱི་རྩོམ་བོད་བསྒྱུར་བྱེད་པ་དེས་བོད་ཀྱི་དེང་རབས་རྩོམ་རིག་གི་སྐད་བརྡ་ཡུལ་དུས་གནས་སྐབས་ཀྱི་དགོས་བབ་དང་མཐུན་པ་ཞིག་གསར་སྐྲུན་དར་སྤེལ་གཏོང་རྒྱུར་ཕན་ངེས་ཀྱི་ནུས་པ་ཐོན་པ་དང་བཞི། 

        《མེ་ལོང་མ》བོད་དུ་བསྒྱུར་ཞིང་སྤེལ་བ་དེས་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ལག་ལེན་ལ་ཁྲིད་སྟོན་གྱི་ནུས་པ་བླ་ན་འཕགས་པ་ཞིག་ཐོན་ཡོད་པ་ནི་བསྙོན་དུ་མེད་པའི་ལོ་རྒྱུས་ཀྱི་བདེན་ཁ་ཞིག་རེད་མོད། སྤྱི་ཚོགས་ལོ་རྒྱུས་གོང་ནས་གོང་དུ་འཕེལ་བ་དང་ཆབས་ཅིག་རིག་གནས་སྤྱི་དང་ཡང་སྒོས་རྩོམ་རིག་གསར་རྩོམ་གྱི་བྱ་གཞག་ལ་སྔ་ན་མེད་པའི་ཡར་རྒྱས་ཆེན་པོ་ཞིག་ཐོབ་དགོས་པའི་བླང་བྱ་ཤུགས་དྲག་ཏུ་འདོན་གྱིན་ཡོད་པ་དང་། 《མེ་ལོང་མ》ཡིས་བླང་བྱ་དེ་ཡིད་ཚིམ་པ་ཞིག་དང་ལེན་བྱེད་ཐུབ་ཀྱི་མེད་པའང་བསྙོན་དུ་མེད། དེར་བརྟེན། རྒྱལ་ཁབ་བམ་མི་རིགས་གཞན་གྱི་རྩོམ་རིག་གཞུང་ལུགས་དང་། ལྷག་པར་དེང་རབས་མཚན་ཉིད་རིག་པ་དང་སེམས་ཁམས་རིག་པ་སོགས་ཀྱི་འཕེལ་བགྲོད་དང་སྦྱར་བའི་རྩོམ་རིག་གཞུང་ལུགས་ཁག་བོད་བསྒྱུར་ནང་འདྲེན་བྱས་ན། ད་གཟོད་《མེ་ལོང་མ》ལ་དགག་བཞག་རྩོད་སྤོང་དང་འབྲེལ་བའི་གསར་བཅོས་དང་། ཁ་གསབ། ལེགས་སྤེལ་བྱ་ཐུབ་ལ། དུས་རབས་ཀྱི་ཉམས་འགྱུར་རྫོགས་ཤིང་རང་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་རྩོམ་རིག་གི་གཞུང་ལུགས་གསར་སྐྲུན་གོང་འཕེལ་གཏོང་རྒྱུར་ལེགས་སྐྱེས་མི་དམན་པ་འབུལ་རྒྱུ་ཡིན་པ་དང་ལྔ་སོགས་སོ། །

        འདི་ནི་རང་རེ་བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་ལས་ཐོབ་པའི་ཉམས་མྱོང་དང་བསླབ་བྱ་རེད་ལ། འཛམ་གླིང་རྒྱལ་ཁབ་ཁག་གམ་མི་རིགས་ཁག་གི་རྩོམ་རིག་འཕེལ་འགྱུར་གྱི་ལོ་རྒྱུས་ཀྱིས་བསྒྲུབས་པའི་བདེན་ཁ་ཞིག་ཀྱང་ཡིན་ཏེ། རྒྱལ་ཁབ་བམ་མི་རིགས་གང་ཞིག་གིས་རྩོམ་རིག་ཡིག་སྒྱུར་ལ་གཙིགས་མཐོང་བྱ་ཤུགས་ཇི་་ཙམ་ཆེ་ན་གང་དེའི་རྩོམ་རིག་གསར་རྩོམ་གྱི་བྱ་གཞག་དེ་ཙམ་གྱིས་གྲ་རྒྱས་ཕུན་སུམ་ཚོགས་པ་དང་། རྩོམ་རིག་འཕེལ་རྒྱས་འགྲོ་ཚད་ཇི་ཙམ་མཐོ་ཞིང་མྱུར་བ་ཡོད་ན་རྩོམ་རིག་ཡིག་སྒྱུར་ལ་དེ་ཙམ་གྱིས་དོ་ཁུར་དང་མཐོང་ཆེན་བྱེད་པའི་དོན་དངོས་ལས་ཀྱང་གསལ་པོར་ཤེས་ཐུབ་པ་ཡིན་ནོ།།

 

རྩོམ་སྒྲིག་པ། (ཚེ་རིང་སྒྲོལ་མ།)