དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> གནའ་རབས་བརྩམས་ཆོས།
བློ་རིག་ལྡན་པའི་མནའ་མ།
རྩོམ་པ་པོ། སྒྲོལ་རྩེ་རྒྱལ་གྱིས་བཏུས། དུས་ཚོད། 2013-03-26 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 108

       གནའ་སྔ་མོ་ཞིག་ལ། མི་ཞིག་རྒྱལ་བོ་ཚང་ནས་ལུག་རྗིར་བསྡད།  ཉིན་ཞིག་ལུག་རྫི་དེ་རྒྱལ་བོའི་ཁང་ཁྱིམ་གྱི་ཁྱམས་ཁར་སོང་ནས་བལྟས་ཙ་ན་ནང་དུ་སྲས་མོ་ཤིན་ཏུ་མཛེས་པ་ལང་ཚོ་དར་ལ་བབས་པ་ཞིག་འདུག  དེ་ནས་ལུག་རྫི་ཕྱིར་སོང་ནས་རང་གི་ཨ་ཕར་ངས་ད་ལྟའི་བར་བུ་མོ་མཛེས་མ་མང་པོ་ཞིག་མཐོང་མྱོང་ཡང་རྒྱལ་བོའི་སྲས་མོ་ཁན་ལྟ་བུ་ཞིག་མཐོང་མ་མྱོང་བས།  ཐབས་བརྒྱ་ཇུས་སྟོང་གི་མོ་རང་ཆུང་མར་ལེན་པར་འདོད་པས་ཨ་ཕ་ཁྱེད་ཀྱིས་རྒྱལ་བོའི་སྲས་མོ་དེ་ངའི་ཆུང་མར་སློང་རོགས་ཞེས་བཤད།  དེ་ནས་ཨ་ཕས་ཀྱང་བུས་བཤད་པ་ལྟར་གཉེན་བསླང་། རྒྱལ་བོས་ངའི་བུ་མོ་ཁྱོད་ཀྱི་བུའི་ཆུང་མར་བྱིན་ཆོགའོན་ཀྱང་ཁྱེད་ཀྱི་ལེན་ཐུབ་བམ་ཞེས་བཤད་པ་ན་རྒན་པོས་ཀྱང་སྲས་མོ་མནའ་མར་ལེན་ཐུབ་ཇི་བྱེད་དགོས་ཀྱང་སྒྲུབ་ནས་པའི་ཁས་ལེན་གནང་།དེའི་ཚེ་རྒྱལ་བོས་རྒན་པོར་མནའ་མའི་སློང་རྟེན་དུ་གསེར་ཤིང་ཆེ་གསུམ་དང་གསེར་གྱི་སྐྲ་གསུམ།གླང་པོ་ཆེའི་མཆེ་བ་གཉིས། རིན་པོ་ཆེ་མཛོ་སྤུ་འདོམ་གང་སོགས་དགོས་ཞེས་བཤད། དེ་ནས་ཕྱིར་ཡོང་བའི་ལམ་བར་དུ་རྒན་པོ་རྒྱལ་བོའི་སྲས་མོར་ཕྲད་པ་དེས།ཨ་ཁུ་ཁྱོད་གང་དུ་འགྲོ་འམ་ཞེས་ཁམས་འདྲི་གནང་བར། རྒན་པོ་ནས་ང་རང་སོང་ནས་རྒྱལ་བོའི་སྲས་མོ་ངེད་ཀྱི་བུའི་མནའ་མར་བསླངས་བ་ཡིན་མོད་གཉེན་རྟགས་སུ་གསེར་ཤིང་ཚེ་གསུམ་དང་གསེར་གྱི་སྐྲ་གསུམ་སོགས་མང་པོ་ཞིག་དགོས་སྟབས་གནམ་རྒན་མར་མོ་རྩིས་ཤིག་བྱེད་དུ་འགྲོ་བ་ཡིན་ཞེས་བཤད།དེར་སྲས་མོ་ནས་ངས་ཀྱང་གནས་ཡུལ་བཟང་བོ་འཚོལ་བསམ་པས་ཁྱེད་ཀྱིས་ང་ལ་ཡང་མོ་རྩིས་ཤིག་བྱོས་ཞེས་གཏམ་བཅོལ་བྱས།
        དེ་ནས་རྒན་པོ་ཕར་སོང་བ་ན་མི་ཞིག་གིས་གྱང་བརྡུང་བཞིན་ཡོད་ལ།འོན་ཀྱང་གྱང་དེ་དེ་རིང་བརྡུང་ན་ནངས་ཀ་ཞིག་འགྲོ་བ་དང་ནངས་ཀ་བརྡུང་ན་གནངས་ཉིན་རྡིབ་འགྲོ་བས་རྒན་པོ་གར་གར་འགྲོའི་གནས་ཚུལ་ཤེས་པ་ན།ངས་གྱང་འདི་ལོ་འགར་བརྡུང་ཡང་མ་འགྲུབ་པར་བདག་པོའི་ས་ནས་བདག་པོའི་ས་ནས་གླ་ཆ་ལེན་ཐུབ་ཀྱི་མེད་པས་དེར་མོ་རྩིས་ཤིག་བྱད་རོགས་ཞེས་བཤད།དེ་ནས་ཕར་སོང་ནས་ས་རུབ་ལ་ཉེ་དུས་ཁྱིམ་ཚང་ཞིག་ཏུ་བསྡད་ནས་ངལ་གསོས་པ་ཡིན། དེར་ཡང་བྱིས་པ་ཞིག་ཡོད་པར་ངག་མེད་ལྐུག་པར་གྱུར་འདུག་པས་དེར་ཡང་མོ་རྩིས་ཤིག་བྱེད་རོགས་ཞེས་རེ་བ་ཡང་ཡང་བྱས།དེ་ནས་ཕྱི་ཉིན་ཡང་སྔ་བཞིན་ཕར་སོང་བ་ན་མཚོ་ཆེན་པོ་ཞིག་གི་ཁ་རུ་ཐོན། ཕར་བགྲོད་མ་ཐུབ་པར་སྡོད་པའི་དུས་སུ།མཚོ་ཁར་གླང་བོ་ཆེ་ཞིག་ཡོད་པ་དེས་ཀྱང་ང་རང་ནམ་མཁར་འཕུར་འདོད་པ་ཡིན་ཡང་ད་བར་དུ་འཕུར་མ་ཐུབ་འདི་ཀར་ཉལ་ནས་བསྡད་པ་ཡིན།རྒན་པོ་ཁྱེད་གང་དུ་དོན་ཅི་བྱེད་དུ་འགྲོ་ཞེས་དྲིས་ཤིང་རྒན་པོས་རྒྱུ་མཚན་རྣམས་ཇི་བཞིན་བཤད་པས་གླང་ཆེན་གྱིས་རྒན་པོ་ཆུའི་ཕ་རོལ་དུ་བསྐྱལ་ཅིང་རྒན་པོས་གླང་ཆེན་ལ་མོ་རྩིས་བྱེད་པར་ཁས་བླངས།དེ་ནས་ཡུད་ཙམ་ཕར་སོང་བ་ན་མཐའ་ཀ་རིང་ཞིག་གི་རྩར་སྔགས་པ་ཞིག་འདུག་པ་དེས་ཁྱོད་གང་དུ་འགྲོའམ་ཞེས་དྲིས་པར།རྒན་པོ་ནས་དོན་གྱི་མགོ་རྔ་གཏིང་གཞུག་ཀུན་ཆ་ཚང་བར་བཤད་པ་ན།  རྒན་པོར་མོ་རྩིས་གནམ་ལ་བྱེད་དགོས་དོན་མེད་དེ་ངས་ཁྱོད་ལ་མོ་རྩིས་བྱས་ཆོག་ཞེས་བཤད་པར་རྒན་པོས་ཀྱང་དེ་བཞིན་གམ་དུ་ཉན་ཏེ་བསྡད།རྒན་པོས་ལམ་བར་གྱི་བཅོལ་གདམས་རྣམས་མ་ལུས་པར་རེ་རེ་བཞིན་སྔགས་པས་མོ་ཞིབ་མོར་བཏབས་རྗེས།  རྒྱལ་བོའི་སྲས་མོའི་མགོའི་གསེར་གྱི་སྐྲ་གཉིས་ཡོད་པ་བཏོགས་ན་གནས་ཡུལ་བཟང་པོ་ཞིག་རྙེད་ཐུབ་པ་དང་།  བྱིས་པ་ངག་མེད་དེའི་མགོའི་རིན་པོ་ཆེ་མཛོ་སྤུ་དཔྱངས་ན་འདོམ་གང་ཙམ་ཡོད་པ་དེ་བླངས་ན་ངག་ཡོང་པར་བཤད།  གླང་བོ་ཆེ་འཕུར་འདོད་པ་དེའི་རང་གི་རིང་ཞིང་རྣོ་བའི་མཆེ་བ་གཉིས་བཏོགས་པས་ན་འཕུར་ཐུབ་པ་རེད་ཅེས་བརྗོད་ཅིང་།  རྒན་པོས་རང་གི་བུའི་མནའ་མ་སློང་བར་མོ་འདེབས་བསམ་པའི་ཚེ་སྔགས་དེ་ཉིད་གློ་བུར་དུ་ནམ་མཁའི་འཇའ་བཞིན་གར་སོང་ཆ་མེད་དུ་གྱུར།  དེ་ནས་རྒན་པོ་ཕྱིར་ལམ་དུ་ཞུགས་ནས་མཚོ་ཁར་སླེབས་པ་ན་གླང་ཆེན་གྱིས་བསྒུག་འདུག་པར་དེ་ལྟར་བཤད་པས་གླང་ཆེན་གྱིས་མཆེ་བ་གཉིས་བཏོགས་སྟེ་རྒན་པོ་ལ་བྱིན་རྗེས་འཕུར་སོང་བ་དང་།  དེ་ནས་རྒན་པོ་སྔར་བཞིན་སོང་སོང་ནས་བྱིས་པ་ངག་མེད་ཚང་གི་ཁྱིམ་ལ་སོང་ནས་དེ་ལྟར་བཤད་པ་ན་བྱིས་པས་ཀྱང་རང་མགོ་ན་ཡོད་པའི་རིན་པོ་ཆེ་མཛོ་སྤུ་དེ་རྒན་པོར་བྱིན་ནས་བཀའ་དྲིན་མི་ཉུང་བ་ཞུས།དེ་བཞིན་གྱང་བརྡུང་གྱིས་ཀྱང་ས་བརྐོས་ནས་གསར་ཤིང་ཚེ་གསུམ་ཡོད་པ་བླངས་ནས་རྒན་པོར་བྱིན་རྗེས་སླར་ཡང་དགའ་སྤྲོའི་ངང་གྱང་བརྡུང་བའི་ལས་སུ་ཞུགས།  
        དེ་ནས་རྒན་པོ་ཕྱིར་རྒྱལ་བོ་ཚང་ལ་ཐོན་པ་ན་ལས་གྲོགས་ལམ་ཐུག་ཅེས་པའི་དཔེ་བཞིན་རྒྱལ་བའི་སྲས་མོར་ཕྲད་པ་དང་མོ་རྩིས་བྱས་པའི་གནས་ཚུལ་ཅི་བཞིན་ཞུས་པ་ན།  སྲས་མོས་རང་ཉིད་ཀྱི་གནས་ཚང་ལེགས་གྲས་ཤིག་རྙེད་དོང་ན་སྐྲ་ཉག་གཉིས་ཀྱི་ཅི་བྱེད་ཅེས་བཏོགས་ནས་རྒན་པོར་བྱིན།  རྒན་པོས་རིན་པོ་ཆེ་དེ་དག་ཁྱེར་ནས་རྒྱལ་བོར་གཉེན་སློང་དུ་སོང་ནས་བདེ་ལེགས་རྒྱལ་བོའི་སྲས་མོ་རང་གི་བུ་ཆུང་མར་བླངས།  དེ་ནས་རྒྱལ་བོའི་སྲས་མོས་རང་གི་ཁྱོ་གར་ངེད་གཉིས་ལ་འཚོ་བའི་རྟེན་གཞི་ཅི་ཡང་མེད་པས་ཞིང་ལས་ཙམ་བྱས་ནས་འདུག་པ་ལས་ཐབས་གཞན་མེད།  ཁྱེད་རང་སོང་ནས་ཞིང་ཐོབ་ཞེས་ཞིང་ནང་དུ་མངགས་ཡང་རང་གི་ཆུང་མར་སྐད་ཅིག་ལ་ཡང་འབྲལ་འདོད་མེད་པས་ལུག་རྫི་དེ་མུར་ཕྱིར་ཁྱིམ་ལ་ལོག་ཡོང་།  ཕྱི་ཉིན་སྲས་མོས་རང་གི་འདྲ་པར་ཆེན་མོ་གཉིས་ཁྱེར་ནས་སོང་སྟེ་ཞིང་ཐང་གི་མགོ་རྔར་བཞག་པས།   ཁྱོ་གས་ཉིན་རྒྱུན་རང་གི་ཆུང་མའི་འདྲ་པར་ལ་ལྟ་ཞོར་དུ་ཞིང་འདེབས་པར་བརྩོན་པ་བྱས་ནས་བསྡད།   ཉིན་ཞིག་གར་ཡོང་མི་ཤེས་པའི་རླུང་ཆེན་གློ་བར་བ་ཞིག་གིས་ཆུང་མའི་འདྲ་པར་ཅིག་ཤོས་ཁུར་སོང་ལ།  ཁྱོ་ག་དེ་མུར་སེམས་འཚབ་བཞིན་དུ་ལག་གི་ལས་ཀ་བསྐྱུར་ནས་འདྲ་པར་ཁུར་རླུང་ཆེན་དེའི་རྗེས་སུ་བརྒྱུགས།   ཡིད་དགའ་བ་ཞིག་ལ་ཁོ་རང་ཅུང་ལ་མ་བརྒྱུགས་པར་རང་གི་ཆུང་མའི་འདྲ་པར་དེ་མི་མང་པོ་ཞིག་ཁྱེར་ནས་ཡོང་བཞིན་འདུག  ཁོ་ཚོས་འདི་གང་ཞིག་ཏུ་ཡོད་པ་དང་སུ་ཞིག་ཡིན་ནམ་ཞེས་དྲིས་པར་ཁོས་ང་རང་གི་ཆུང་མ་ཡིན་པའི་གནས་ཚུལ་ཇི་བཞིན་བཤད།  མི་མང་དེས་བུ་མོ་འདི་འདྲ་ནི་ངེད་ཀྱི་རྒྱལ་བོ་ཆེན་པོ་ལྟ་བུ་ཞིག་གི་བཙུན་མོར་རན་པ་ལས་ཁྱོད་ལྟའི་སྤྲང་བོ་ཞིག་གི་ཆུང་མར་ག་ལ་འོས་ཞེས་བཤད་ནས་བཙན་ཐབས་ཀྱི་རང་གི་ཆུང་མ་འཕྲོག་ནས་སོང་།  འགྲོ་ཁར་ཆུང་མས་རང་གི་ཁྱོ་གར་ཡུལ་ཁམས་དེ་ནི་རྩུབ་སྤྱོད་ལ་དགའ་བ་ཅིག་ཡིན་པས་མ་སོང་ན་ངེད་གཉིས་ཀྱི་ཚེ་སྲོག་ལ་ཡང་ཉེན་ཁ་ཆེ་།  དེ་ལས་ཐོག་མར་ང་རང་འགྲོ་རྒྱུ་བྱེད།  ཁྱེད་ཀྱིས་སང་ལོའི་ད་ཚོད་བྱ་སྒྲོ་དང་བྱ་སྤུ་ལས་བྱས་པའི་ལྭ་བ་ཆ་ཚང་ཞིག་གྱོན་ལ་དེར་ཤོག་དང་།  རྒྱལ་བོས་ཁྱེད་ཀྱི་འ་ཝ་དེ་ཉོ་བ་དང་ཡང་ན་དངོས་བོ་གཞན་ལ་བརྗེ་བའི་གྲོས་བསྡུར་བྱེད་ངེས་ཡིན།  དེ་དུས་ཁྱེད་ཀྱིས་འ་ཝ་དེ་རྒྱལ་བོའི་ལྭ་བ་ཆ་ཚང་ཞིག་ལ་བརྗེ་ཐུབ་ཞེས་དང་ཐབས་གཞན་ངས་ལེགས་པོ་ཞིག་འཐེན་ཞེས་གསང་གྲོས་ཞིག་བྱས་རྗེས་མི་མང་གི་རྗེས་བསྙེགས་ནས་བུད་སོང་།  ཆུང་མ་གཞན་གྱི་བཙན་འཕྲོག་བྱས་རྗེས་ལུག་རྗིས་ཉིན་བཞིན་བྱ་སྒྲོ་དང་བྱ་སྤུ་བསྡུས་ནས་ལོ་རྗེས་མའི་དུས་ཆད་ལ་སླེབས་སུ་འ་ཝ་ཆ་ཚང་ཞིག་གྱོན་ནས་རྒྱལ་ཁམས་དེར་སོང་།  དེར་རྒྱལ་བོའི་སྲས་མོས་མི་ཚོགས་ལས་འ་ཝ་གྱོན་པའི་རང་གི་ཁྱོ་ག་དེ་མཐོང་མུར་རང་དབང་དགའ་བའི་མཛུམ་མདངས་ཅིག་གདོང་ལ་མངོན་བྱུང་།  རྒྱལ་བོའི་དགའ་སྤྲོ་ཆེན་པས་ཁྱེད་རང་ལ་ད་བར་དུ་མཛུམ་ཤིག་ལངས་མ་མྱོང་ལ།   དེ་རིང་དགའ་འོས་པའི་དོན་དག་ཅི་ཡོད་དྲིས་པར།  སྲས་མོ་ནས་མཛུབ་མོ་ཕར་བཙུགས་ཏེ་མི་ཀན་གྱི་གྱོན་ཡོད་པའི་ལྭ་བ་དེ་ནི་ཇི་འདྲའི་མཛེས་ཨང་།གལ་ཏེ་རྒྱལ་བོ་ཆེན་པོ་ཁྱེད་གྱོན་པ་ན་ངོ་མར་ལྟ་བས་ཆོག་མི་ཤེས་པ་ཞིག་ཡིན་ཁག་ཐག་རེད་ཅེས་བཤད་པས།  རྒྱལ་བོས་ཆུང་མོའི་མཛུམ་མདངས་ལ་ལྟ་བཞིན་ལུག་རྫིའི་གམ་དུ་སོང་ནས་ལྭ་བ་དེ་བཙོང་དགོས་བའི་རེ་བ་ཞུས་པར།  ལུག་རྫི་ནས་རྒྱལ་བོ་ཉིད་ཀྱི་གྱོན་ཆ་ཚང་དེ་སྟེར་ན་རང་གི་ལྭ་བ་སྟེར་ཅེས་བཤད།  རྒྱལ་བོས་ཇི་མི་སྙམ་པར་རང་གི་གྱོན་པ་ཁ་ཚང་དེ་འ་ཝར་བརྗེས།  ལུག་རྫིས་དེ་མ་ཐག་འཕྲད་དུ་རྒྱལ་བོའི་ལྭ་བ་གྱོན་ནས་ཁྲི་ཐོག་ཏུ་བུད་ནས་སཀྡ་མཐོན་པོས་འཁོར་དམག་རྣམས་ལ།  བྱ་སྤུ་བྱེའུ་སྤུ་གྱོན་པའི་ལྟས་ངན་བཀྲ་མི་ཤེས་པ་དེ་མྱུར་མོར་སོད་ཅིག་ཅེས་བཀའ་ཕབ་པར་འཁོར་དམག་རྣམས་ནས་རང་གི་རྒྱལ་བོ་ཡིན་པ་ཡང་མ་ཤེས་པར་དེ་མུར་མདུང་རྩེས་བསྣུན་ནས་བསད་པས་ལུག་རྫི་ཁྱོ་ཤུག་གཉིས་ལ་རྒྱལ་བོའི་དབང་ཆ་མཐའ་དག་ཐོབ་ནས་བདེ་ཞིང་སྐྱིད་པའི་འཚོ་བར་རོལ་ལོ།།