དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> གནའ་རབས་བརྩམས་ཆོས།
ཚངས་དབྱངས་རྒྱ་མཚོའི་མགུར་གླུ། ཚན་བཤུས།
རྩོམ་པ་པོ། ཚངས་དབྱངས་རྒྱ་མཚོ། དུས་ཚོད། 2013-03-26 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 164

༡ ཤར་ཕྱོགས་རི་བོའི་རྩེ་ནས། །
 དཀར་གསལ་ཟླ་བ་ཤར་བྱུང༌།།
 མ་སྐྱེས་ཨ་མའི་ཞལ་རས།  །
 ཡིད་ལ་འཁོར་འཁོར་བྱས་བྱུང༌།།


༢ ན་ནིང་བཏབ་པའི་ལྗང་གཞོན། །
  ད་ལོ་སོག་མའི་ཕོན་ལྕོག།
  ཕོ་གཞོན་རྒས་པའི་ལུས་པོ།།
  ལྷོ་གཞུ་ལས་ཀྱང་གྱོང་བ།།


༣ རང་སེམས་སོང་བའི་མི་དེ། །
  གཏན་གྱི་འདུན་མར་བྱུང་ན།།
  རྒྱ་མཚོའི་གཏིང་ནས་ནོར་བུ།།
  ལོན་པ་དེ་དང་འདྲ་བྱུང༌།།


༤འགྲོ་ཞོར་ལམ་བུའི་སྙིང་ཐུབ། །
  ལུས་དྲི་ཞིམ་པའི་བུ་མོ།།
  གཡུ་ཆུང་དྲུག་དཀར་རྙེད་ནས།།
   བསྐྱུར་བ་དེ་དང་འདྲ་བྱུང༌།  །


༥ མི་ཆེན་དཔོན་པོའི་སྲས་མོ།  །
  ཁ་འབྲས་མཚར་ལུགས་བལྟས་ན།།
  ཁམ་སྡོང་མཐོན་པོའི་རྩེ་ནས།།
  འབྲས་བུ་སྨིན་དང་འདྲ་བྱུང༌།།


༦ སེམས་པ་ཕར་ལ་ཤོར་ནས།།
  མཚན་མོའི་གཉིད་ཐེབས་གཅོག་གི།།
  ཉིན་མོ་ལག་ཏུ་མ་ལོན།།
  ཡིད་ཐང་ཆད་རོགས་ཡིན་པས།།


༧ མེ་ཏོག་ནམ་ཟླ་ཡལ་སོང༌། །
  གཡུ་སྦྲང་སེམས་པ་མ་སྐྱོ།།
  བྱམས་པའི་ལས་འཕྲོ་ཟད་པར།།
  ང་ནི་སྐྱོ་རྒྱུ་མི་འདུག།


༨ རྩི་ཐོག་བ་མོའི་ཁ་ལ། །
  སྐྱི་བསེར་རླུང་གི་ཕོ་ཉ།།
  མེ་ཏོག་སྦྲང་བུ་གཉིས་ཀྱི།།
  འབྲེལ་ཚམས་གཅོད་མཁན་ལོས་ཡིན།།


༩  ངང་བ་འདམ་ལ་ཆགས་ནས།  །
  རེ་ཞིག་སྡོད་དགོས་བསམས་ཀྱང༌།།
  མཚོ་མོ་དར་ཁ་འགྲིགས་ནས།།
  རང་སེམས་ཁོ་ཐག་ཆོད་སོང༌།།


༡༠ གྲུ་ཤན་སེམས་པ་མེད་ཀྱང༌།།
   རྟ་མགོས་ཕྱི་མིག་བལྟས་བྱུང༌། །
   ཁྲེལ་གཞུང་མེད་པའི་བྱམས་པས། །
   ང་ལ་ཕྱི་མིག་མི་ལྟ། །