བོད་དུ་གསུང་རབ་ཐོག་མར་དར་ཚུལ།
དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> གནའ་རབས་བརྩམས་ཆོས།
བོད་དུ་གསུང་རབ་ཐོག་མར་དར་ཚུལ།
རྩོམ་པ་པོ། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས། དུས་ཚོད། 2013-03-26 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 272

         

དཔེ་རྙིང་།

           དེ་ཡང་བོད་ཀྱི་རྒྱལ་རབས་ཐམས་ཅད་ལས་གསུང་བ་ལྟར།བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ། ཕོ་བྲང་ཡུམ་བུ་བརླ་མཁར་གྱི་ཡང་རྩེར། གསེར་ཤོག་ངོས་ལ་བཻ་ཊཱུརྻས་བྲིས་པའི་སྤང་སྐོང་ཕྱག་བརྒྱ་བ་དང༌།མདོ་སྡེ་ཟ་མ་ཏོག གསེར་གྱི་མཆོད་རྟེན་ཁྲུ་གང་བ་མུ་དྲའི་ཕྱག་རྒྱལ། ཙིནྡྲ་མ་ཎིའི་རྐོས་ཕོར་བཅས་གནམ་ནས་བབས་པར་རྒྱལ་པོས་དོན་མ་མཁྱེན་ཡང་ངོ་མཚར་ཅན་དུ་བརྩིས་ཏེ་གསེར་སྐྱེམས་གཡུ་སྔོན་གྱིས་མཆོད་པ་བྱས་པས་བཀྲ་ཤིས་པ་མང་པོ་བྱུང༌།མི་རབས་ལྔ་ནས་དེའི་དོན་ཤེས་པ་འབྱུང་ཞེས་ལུང་བསྟན། རྒྱལ་པོ་གཞོན་ཤ་ཅན་དུ་གྱུར་ཏེ་དགུང་ལོའང་༡༦༠་བཞུགས།རྟེན་དེ་རྣམས་ལ་གཉན་པོ་གསང་བ་ཞེས་མཚན་གསོལ་ནས་ད་ལྟའི་བར་དུ་གྲགས་པ་ཡིན།

     དེའི་ནང་ཙིནྡྲ་མ་ཎིའི་རྐོས་ཕོར་ཞེས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་ཡིད་བཞིན་ནོར་བུའི་གཟུངས་ཀྱི་རྐོས་ཕོར་དང༌།མུ་དྲའི་ཕྱག་རྒྱ་ནི་ནོར་བུའི་རིགས་ཀྱི་རྡོ་ཁྲུ་གང་ཅིག་ལ་ཡིག་དྲུག་རང་བྱོན་ཡོད་པ་ཅན་ཞིན་ཡིན།དེ་དང་ཆབས་ཅིག་གཡུའི་མཆོད་རྟེན་བང་རིམ་བཞི་བ་ཞིག་ཀྱང་བྱུང་བར་བཤད། དེ་ནས་མདོ་ལ་སྔ་བ་ཟ་མ་ཏོགགཟུངས་ལ་སྔ་བ་སྙིང་བོ་ཡི་གེ་དྲུག་མ་ཞེས་གྲགས། དེ་དག་རྣམས་ནི་ད་ལྟར་ཞོལ་པར་ཁང་གི་བཀའ་འགྱུར་དཀར་ཆག་ལྟར།མདོ་མང༌། ཇ་པར་ནང་མདོ་སྡེ་ཟ་མ་ཏོག མདོ་མང༌། ཟ་པའི་ནང་སྤང་སྐོང་ཕྱག་བརྒྱ་བ་བཞུགས། ལོ་ཙཱ་བ་ཐོན་མི་སམ་བྷོ་ཊ་རྒྱ་གར་ནས་བོད་དུ་ཕེབས་རྗེས་ཡི་གེ་བསྒྱུར་བའི་ཐོག་མ་ནི་དེ་གཉིས་ཡིན་པར་བཤད།མདོ་སྡེ་ཟ་མ་ཏོག་ལས། འཕགས་པ་སྤྱན་རས་གཟིགས་ཀྱིས། རིགས་དྲུག་སྡུག་བསྔལ་ལས་བསྒྲལ་བར་མཛད་ཚུལ།བོད་ཁ་བ་ཅན་བདག་གིར་མཛད་ཚུལ།  དམར་བོའི་རི་ལ་བཞུགས་ནས་འོ་ཐང་གི་མཚོར་གནས་པའི་སེམས་ཅན་རྣམས་སྡུག་བསྔལ་ལས་སྒྲོལ་ཚུལ།སྤྲེའུ་སྤྲུལ་ནས་བོད་མིའི་འགྲོ་བ་སྤེལ་ཚུལ་སོགས་སྤྱན་རས་གཟིགས་ཀྱི་རྟོགས་བརྗོད་ཡོད།མུ་དྲའི་ཕྱག་རྒྱ་ཞེས་པ་ནི་སྙིང་བོ་ཡིག་དྲུག་སྟེ། བོད་མི་རྣམས་ཀྱི་ཆོས་སྐལ་དུ་གླེང་བས།ཆུང་བྱིས་པ་ཡན་ནས་སློབ་མི་དགོས་པར་འདོན་ཤེས་ཞེས་གྲགས་པ་མ་ཟད། རིགས་དྲུག་གི་སྐྱེ་སྒོ་གཅོད་པ་དང་ཕར་ཕྱིན་དྲུག་ཐོབ་པ་སོགས་ཀྱི་ཕན་ཡོན་ཡོད་པར་གསུངས་སོ།

    མདོ་སྡེ་ཟ་མ་ཏོག་བཀོད་པ་ལས།མཐའ་འཁོབ་ཁ་བ་ཅན་གྱི་རྒྱལ་ཁམས་དེར། ། ཡི་དམ་ལྷ་ཡི་སྐལ་བ་ཁྱོད་ཡིན་ཏེ། །ཡི་དམ་ཁྱེད་ལ་བརྟེན་ནས་མ་འོངས་དུས། ། ཡུལ་འདི་སངས་རྒྱས་བྱང་སེམས་དཔག་མེད་འབྱུང༌། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་འགྱུར། ། ཆོས་སྐལ་སྙིང་བོ་ཡིག་དྲུག་འདི་ཡིན་ཏེ། ། སྙིང་བོ་འདི་ལ་བརྟེན་ནས་མ་འོང་དུས།། ཤཱཀྱའི་རྒྱལ་བོའི་གསུང་རབ་དམ་ཆོས་ཀུན། ། ཡུལ་དེར་དར་རྒྱས་མི་ཀུན་ཆོས་སྤྱོད་འགྱུར་ཞེས་པ་དང༌།གཟུངས་སྔགས་རྒྱལ་བོ་ཡིག་དྲུག་འདི་སངས་རྒྱས་ཀུན་གྱི་དགོངས་པའི་མཆོག་གཅིག་ཏུ་བསྡུས་པའི་བདག་ཉིད་ཅན་ཡིན།ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བོ། ། གཅིག་ཏུ་བསྡུས་པའི་སྙིང་བོ་ཡིན་ཞེས་སོགས་ཕན་ཡོན་མཐའ་ཡས་པར་གསུངས།སྤང་སྐོང་ཕྱག་བརྒྱ་བ་ལས། སངས་རྒྱས་བྱང་སེམས་མང་པོའི་མཚན་བརྗོད་ནས་ཕྱག་འཚལ་བ་དང༌། སྡིག་པ་བཤགས་པ་སོགས་ཀྱི་བརྗོད་བྱ་ལྡན་པར་བཤད།ཡིག་སྙིང་ལས་དཔང་ཀོང་ཕྱག་རྒྱ་ཞེས་ཀྱང་གསལ། དེ་ལྟར་བོད་ཀྱི་ཡུལ་དུ་སངས་རྒྱས་ཆོས་ལུགས་དབུ་བརྙེས་ཞེས་པའང་ཆོས་དཔེ་དེ་དག་བྱུང་བ་ལ་བཤད།རྒྱ་དཔེ་བསྒྱུར་བའི་ཐོག་མའང་དེ་དག་ཡིན་པས་བོད་ཀྱི་ཆོས་སྐལ་སྔ་ཤོས་དེ་ཡིན་པར་བཤད་དོ།མ་ཡིག་གཉན་པོ་གསང་བ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་མཆོད་རྟེན་ཆེན་མོའི་གཟུངས་སུ་བཞུགས་སུ་གསོལ་བ་བསམ་ཡས་དཀར་ཆག་ཏུ་གསལ།དེ་བས་བོད་ཀྱི་ཡུལ་དུ་གསུང་རབ་ཆོས་ཐོག་མ་དར་བ་ནི་གོ་བཞུས་དག་ཡིན་པས་བློ་ལྡན་དག་གིས་གསུང་དཔེ་དེ་དག་ལ་ཅི་ནས་ཀྱང་མཇལ་དགོས་པ་ཡིན་ནོ།།