དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> རྩོམ་རིག་དཔྱད་བརྗོད།
གསར་འགྱུར་འབྲི་རྩོམ་སྐོར་རགས་ཙམ་གླེང་བ།
རྩོམ་པ་པོ། ས་སྐྱོང་། དུས་ཚོད། 2013-03-26 རྩོམ་ཁུངས། ཟླ་ཟེར། ཀློག་གྲངས། 127

       དེང་རབས་སྤྱི་ཚོགས་སུ་གསར་འགྱུར་ནི་མི་རྣམས་ཀྱི་འཚོ་བ་དང་འབྲལ་ཐབས་མེད་པའི་རྩོམ་ཡིག་རིགས་ཤིག་ཡིན་པས། གཤམ་དུ་གསར་འགྱུར་ཇི་ལྟར་འབྲི་རྩོམ་བྱེད་པའི་སྐོར་གླེང་བ་ལ།

         དང་བོ། གསར་འགྱུར་གྱི་འགན་ནུས།

         གསར་འགྱུར་ལ་སྒྲ་ཡངས་འཇུག་དང་སྒྲ་དོག་འཇུག་གི་གོ་དོན་གཉིས་ཡོད་པ་ལས། སྒྲ་ཡངས་འཇུག་གི་གསར་འགྱུར་ནི་འཕྲིན་ཐུང་དང་། བསྡུས་དོན། ཆེད་བྲིས་གནས་ཚུལ། བརྟག་དཔྱད་སྙན་ཞུ། གསར་འགྱུར་དཔྱད་གཏམ། གསར་འགྱུར་པར་རིས་བཅས་ལ་གོ་བས་གསར་འགྱུར་རྩོམ་ལུས་སྣ་ཚོགས་ཀྱི་སྤྱི་མིང་ཞིག་ཏུ་འདོད། སྒྲ་དོག་འཇུག་གི་གསར་འགྱུར་ནི་འཕྲིན་ཐུང་ཁོ་ནར་བསྟན་པ་ཡིན་ལ། འདིར་གླེང་བར་བྱ་བ་ཡང་སྒྲ་དོག་འཇུག་གི་གསར་འགྱུར་ཡིན།

         གསར་འགྱུར་ནི་དངོས་ཐོག་བདེན་འཚོལ་དང་། ཇི་མ་ཇི་བཞིན་དུ་དངོས་དོན་མཚོན་དགོས་ཕྱིར། ཡང་དག་པའི་ཚད་དུ་སླེབས་དགོས་ན་ངེས་པར་གྲུབ་ཆ་དྲུག་ཚང་དགོས་ཏེ། དུས་ནམ་ཞིག་དང་མི་སུ་ཞིག་དོན་ཅི་ཞིག་ས་ཆ་གང་ཞིག་ཅིའི་ཕྱིར་ཇི་ལྟར་བྱུང་ཚུལ་སོགས་བྱེ་བྲག་གི་སྒོ་ནས་ངོ་སྤྲོད་གསལ་བོ་བྱེད་དགོས་ལ་བྱུང་རིམ་ཕྲ་མོ་དང་གྲངས་ཀ་ལུང་འདྲེན་སོགས་ཀྱང་ངེས་པར་ཡང་དག་ཡིན་དགོས། གསར་འགྱུར་ཐུང་གྲས་ལ་གྲུབ་ཆ་དྲུག་པོ་ཚང་དགོས་པའི་ངེས་པ་མེད་ནའང་། མ་མཐའ་ཡང་གྲུབ་ཆ་གསུམ་ནས་བཞི་ཡན་ཆད་མ་ཚང་ན་མི་རྣམས་གསར་འགྱུར་གྱི་བདེན་དངོས་རང་བཞིན་ལ་དོགས་པ་ཟ་བ་རེད།

         གཉིས་པ། གསར་འགྱུར་གྱི་ནང་གསེས།

         གསར་འགྱུར་གྱི་བརྗོད་བྱའི་ཆ་ནས་དབྱེ་ན། ཆབ་སྲིད་གསར་འགྱུར་དང་དམག་དོན་གསར་འགྱུར། ཕྱི་དོན་གསར་འགྱུར། དཔལ་འབྱོར་གསར་འགྱུར། རིག་གནས་སློབ་གསོའི་གསར་འགྱུར། ཚན་རྩལ་གསར་འགྱུར། སྤྱི་ཚོགས་གསར་འགྱུར་སོགས་ཡོད།