དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> རྩོམ་རིག་དཔྱད་བརྗོད།
སྤྲིན་གྱི་ཕོ་ཉའི་སྒྱུ་རྩལ་ཁྱད་ཆོས་སྐོར་གླེང་བ།
རྩོམ་པ་པོ། གྱི་ལིང་འཇིགས་མེད། དུས་ཚོད། 2013-03-26 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 199

        གཅིག   གླེང་གཞི།    

        སྤྱིར་རྩོམ་རིགས་སྒྱུ་རྩལ་ནི་མིའི་རིགས་ཀྱི་སེམས་ན་ཚད་གཞི་ཅུང་མཐོ་བའི་སྒྱུ་རྩལ་གྱི་བྱེ་བྲག་ཅིག་ཡིན་ཏེ། ཁོ་བོའི་བཤེས་གཉེན་མཁས་པ་ཆེན་པོས་ཀྱང་འཛམ་གླིང་ཤར་ནུབ་ཀྱི་སྐྱེ་བོ་ཀུན་གནའ་དང་མ་ཞིག་ལ་ཆེད་དུ་གྲོས་བྱས་པ་མེད་ཀྱང་ཤར་ནུབ་ཀྱི་སྐྱེ་བོ་མཐའ་དག་ཚུལ་འདི་ལ་དགའ་བ་འདི་ལས་ཀྱང་སྙན་ངག་གི་དགེ་མཚན་ཞིག་ཤེས་ཐུབ་པ་ཡིན་ཞེས་གསུངས་པ་ལྟར་རྩོམ་རིགས་སྒྱུ་རྩལ་འདི་ནི་དངོས་གནས་མིའི་རིགས་ཤེས་རིག་ཁྲོད་གོ་གནས་ཧ་ཅང་མཐོ་བ་ཞིག་ཏུ་བསླེབས་འདུག ཡིན་ན་ཡང་འཛམ་བུ་གླིང་གི་སྐྱེ་འགྲོ་ཀུན་གྱི་རིག་གནས་སེམས་ཁམས་དང་འཚོ་བའི་གོམས་གཤིས་ཀྱི་དབང་གིས་སྒྱུ་རྩལ་གྱི་མཛེས་པ་འཚོལ་སྟངས་དང་མཛེས་དཔྱོད་ཀྱི་འདུ་ཤེས་དེ་ནི་ཤར་ནུབ་ལྟར་འགལ་བའི་ཆར་གྱུར་པ་མང་ལ་ཡང་གའུ་ཁ་སྦྱར་བ་ལྟར་མཐུན་པའི་ཆ་ཡང་མི་ཉུང་བ་ཞིག་ཡོད་པ་འདི་ལས་ང་ཚོས་སྒྱུ་རྩལ་གྱི་ཡང་སྙིང་གི་མཛེས་པ་དང་རིན་ཐང་གཞལ་དགོས་པར་འདོད། དེ་བཞིན་སྙན་ངག་གཅིག་པུར་མཚོན་ན་ཡང་མཐའ་གཅིག་ཏུ་དེང་རབས་རིང་ལུགས་པ་དང་དེང་རབས་ཕྱི་མའི་རིང་ལུགས་པ་མང་བོས་འདོད་པ་ལྟར་ཕྱིའི་ཁོར་ཡུག་འཕྱོར་འབྲི་བྱེད་པ་ནི་སྲོལ་རྒྱུན་ནམ་རྙིང་བ་དང་། ནང་ཀུན་རྟོག་གི་འཕྲོ་འདུ་ཕྲ་མོ་ཙམ་ཁོ་ན་གཙིགས་སུ་འཛིན་པ་ནི་མཆོག་གྱུར་ཏུ་རློམ་མཁན་དང་། ཡང་བོད་ཀྱི་སྔོན་བྱོན་དྲན་དབང་སྤྱི་དང་ཡང་སྒོས་འཛམ་གླིང་རྩོམ་རིག་གི་བང་མཛོད་ཁྲོད་འོད་སྟོང་འཚེར་བཞིན་པའི་རྒྱ་ནག་ཐང་རྒྱལ་རབས་ཀྱི་སྙན་ངག་སོགས་མང་བོ་ཞིག་ནི་ཕྱིའི་ཁོར་ཡུག་འཕྱོར་འབྲི་བྱེད་པ་གཙིགས་སུ་འཛིན་ཅིང་། རྒྱ་རྣམས་ད་དུང་དེ་ལ་(借景抒情)ཁོར་ཡུག་ལ་བརྟེན་ནས་དུངས་སེམས་མཚོན་པའི་རྩོམ་སྟངས་ཞེས་ཐང་གི་སྙན་ངག་དང་སུང་གི་ཚིག་ལྷུག་གང་ལ་ཡང་དེའི་རྣམ་པ་ཤུགས་ཆེ་བར་མ་ཟད། ཉེ་སྔོན་འདིར་རྒྱའི་ཤེས་ཡོན་པ་མང་བོས་ཀྱང་སྔར་གྱི་སྲོལ་འདི་ག་རང་་ལས་རྒྱ་མིའི་ཁྱད་ཆོས་ཤིག་མ་ལོན་ཚེ་ལྔ་བཞིའི་ལས་འགུལ་རྗེས་ཀྱི་རྩོམ་སྟངས་ཤིག་ལ་བརྟེན་པ་ཡིན་ན་རྒྱ་མི་རིགས་ལ་ནམ་ཡང་ནོར་ཝེའི་རྩོམ་རིག་གི་བྱ་དགའ་རེག་ཐབས་མི་འདུག་ཅེས་ཀྱང་གླེང་དང་གླེང་བཞིན་ཡོད་མོད། མཐའ་གཅིག་ཏུ་འདི་ཡིན་དེ་མིན་གྱི་ཁ་ཚོད་སུས་ཀྱང་མི་ཐུག་པས་ རྩོམ་པ་བོ་དང་ཀློག་པ་བོ་རང་རང་གི་མོས་པ་ལྟར་འཛིན་རྒྱུ་གལ་ཆེའོ།།
      དེས་ན་སྙན་ངག་སྤྲིན་གྱི་ཕོ་ཉ་འདི་ཡང་གཙོ་བོ་ཕྱིའི་ཡུལ་ལྗོངས་འཕྱོར་འབྲི་བྱེད་པའི་རྩོམ་སྟངས་དེ་ཉིད་གཙིགས་འཛིན་གནང་ཡོད་པ་ཞིག་ཡིན་པས་བོད་ཀྱི་ན་གཞོན་མང་བོ་ཞིག་འདི་ལ་དོན་གཉེར་ཡང་མེད་ཚོད་དུ་འདུག་ལ། ཡང་གཅིག་བཤད་ན་གཞུང་འདི་ནི་འགྱུར་རྩོམ་ཡིན་ཞིང་འགྱུར་ཅུང་གོ་དཀའ་བས་སླ་ཆོས་ལ་དགའ་མཁན་མང་བོ་ཞིག་ངང་ངམ་ཤུགས་ཀྱིས་འཛམ་གླིང་རྩོམ་རིགས་ཁྲོད་འོད་སྟོང་འཕྲོ་བའི་བརྩམས་ཆོས་འདི་དང་བར་ཐག་ཇེ་རིང་དུ་འགྲོ་བཞིན་འདུག་བའི་སྣང་ཚུལ་བྱུང་བས་ཁོ་བོས་ཀྱང་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་༢༠༡༡ལོའི་མཐོ་གཅིག་འཛིན་གྲྭར་གཞུང་འདི་ཉིད་ཅུང་གོ་བདེ་བའི་ལམ་ནས་འཆད་ཁྲིད་ཅིག་ཞུ་ཁུལ་བྱས་པ་ཡིན་མོད། འོན་ཀྱང་འདིའི་སྒྱུ་རྩལ་གྱི་ཆ་མང་བོ་ཞིག་སློབ་མའི་བློ་ངོར་འདོན་མ་ཐུབ་པ་ནི་ནམ་ཡང་སེམས་ཀྱི་སྟོང་ཆ་ལྟ་བུ་ཞིག་ཏུ་གྱུར་ཡོད། དེ་བས་ཁོ་ཚོས་ཀྱང་ད་རེབ་སླར་ཡང་གཞུང་འདིའི་སྒྱུ་རྩལ་ཁྱད་ཆོས་ཀྱི་སྐོར་ངོ་སྤྲོད་ཉུང་བསྡུས་ཤིག་བྲི་དགོས་ཞེས་བསྐུལ་མ་ལན་ཁ་ཡར་བྱུང་བ་བཞིན་འདིར་མཛུབ་མོས་རི་སྟོན་གྱི་ཚུལ་དུ་ཅུང་ཟད་སྤྲོ་བར་འདོད་དོ། །
                                                                         གཉིས། རྩོམ་པ་བོ།
       དེ་ཡང་སྙན་ངག་མཁན་ཆེན་མོ་ནག་མོ་འཁོལ་ཞེས་འཛམ་བུ་གླིང་ ན་ཉི་ཟླ་ལྟེ་གྲགས་པའི་མཁས་པ་ཆེན་མོ་ཁོང་ཉིད་དུས་ནམ་ཞིག་ལ་འཁུ་པའི་ཐད་འཛམ་བུ་གླིང་གི་མཁས་པ་རྣམས་ལ་བཞེད་པ་གཅིག་མཐུན་ཞིག་མེད་པར་ཁ་ཤས་ཀྱང་སྤྱི་ལོའི་སྔོན་གྱི་དུས་རབས་བཞི་བར་འཁྲུངས་ཟེར་ལ། ཡང་ལ་ལས་སྤྱི་ལོའི་དུས་རབས་བཞི་བར་འཁྲུངས་ཟེར་བ་སོགས་བཤད་ཚུལ་དུ་མ་ཡོད་པ་ལས་སྤྱི་ལོའི་དུས་རབས་བཞི་བར་འཁྲུངས་ཞེས་པ་ནི་ཅུང་ཚད་ལྡན་ཞིག་ཏུ་མཐོང་ལ། ཁོང་ནི་དེང་ཐོག་བྲམ་ཟེར་མཆོག་སྲེད་ཀྱིས་སྲས་མོ་དཔྱིད་ལྡན་མ་ལ་ནོད་ལན་སྐྱེལ་བའི་ཆེད་དུ་འཇིག་རྟེན་ན་བླུན་པོའི་མཐར་ཐུག་ཅིག་འཚོལ་བར་འདོད་དེ་བཙལ་བས་རྙེད་པ་ཞིག་ཡིན་མོད། ཕྱིས་ཕོ་བྲང་དུ་སོང་ནས་ཡུན་རིང་མ་སོང་བར་ཀུན་གྱིས་བླུན་པོ་ཉིད་དུ་ཤེས་ནས་བརྙས་ཏེ་བ་གླང་གི་རྫི་བོར་བཅོལ་བས་ནམ་རྒྱུན་ཕོ་བྲང་གི་ཉེ་འཁོར་གྱི་ནགས་འབ་སུ་ཤག་ཏུ་ལྷ་མོ་ནག་མོའི་རྡོ་སྐུ་ཞིག་ཡོད་པ་དེར་དངོས་གྲུབ་སྩོལ་ཅིག་ཅེས་ཕྱག་རེ་བྱས་པ་ལ་ནམ་ཞིག་གཡོག་མོ་ཞིག་རྡོ་སྐུའི་རྒྱབ་ཏུ་བསྐུངས་ཏེ་ཁོང་གིས་ཕྱག་འབུལ་བཞིན་པའི་སྐབས་དེར་གློ་བུར་སྐུའི་རྒྱབ་ནས་ཤིང་འབྲས་ཤིག་རྡོའི་མཆོད་སྟེགས་སུ་གཡུགས་པ་མཐོང་བས་ལྷ་མོས་དངོས་སུ་དངོས་གྲུབ་གནང་བུཡང་་སྙམ་པའི་མོས་པ་ཆེན་པོས་དེ་ཉིད་ཁར་བཅུག་པས་དད་པའི་སྟོབས་ཀྱིས་ལྷ་མོའི་བྱིན་རླབས་ཞུགས་ཤིང་དེ་མ་ཉིད་དུ་སྒྲ་དང་སྙན་ངག་སོགས་ལ་མཁས་པའི་བློ་གྲོས་རབ་ཏུ་རྒྱས། དེར་ཕོ་བྲང་ནང་ནས་ཀྱང་ཚུལ་དེ་ཤེས་པས་དགའ་བའི་སྟོན་མོ་དང་བཅས་གོང་དུ་བཀུར་ཏེ་མཛོད་གཉེར་དུ་བསྐོས། འོན་ཀྱང་ནམ་ཞིག་རྒྱལ་བོས་རི་མོ་མཁན་ཞིག་བོས་ཤིང་བཙུན་མོའི་མཛེས་བྱད་རི་མོར་བྲིས་ཏེ་སློབ་དཔོན་ནག་མོ་འཁོལ་དང་བཅས་པའི་བློན་པོའི་ཚོགས་ལ་བསྟན་པར་སློབ་དཔོན་གྱིས་རི་མོ་ནི་ལེགས་ཀྱང་འདིའི་བརླ་ངོས་ན་སྨེ་བ་ཞིག་ཡོད་པ་དེ་བྲིས་མི་འདུག་ཅེས་སྨྲས་པས་ཀུན་ཡིད་མི་ཆེས་པར་གྱུར། དེ་ནས་རྒྱལ་བོས་ཀྱང་ལྐོག་ཏུ་བཙུན་མོར་བརྟག་པས་དངོས་གནས་བརླ་ངོས་སུ་སྨེ་བ་ཞིག་ཡོད་པ་མཐོང་བས་སེམས་སུ་སློབ་དཔོན་གྱིས་ཚུལ་མིན་བྱས་པ་གོར་མ་ཆག་སྙམ་དུ་ཐུགས་རབ་ཏུ་ཁྲོས་ཏེ་བཀའ་ལུང་དྲག་པོས་རཱ་མའི་རི་བོར་སྤྱུགས་ཤིང་ལོ་གསུམ་གྱི་ཡུན་དུ་དེར་འདུག་དགོས་པའི་བཀའ་ཆད་ཕབས། དེ་ནས་ཁོང་གིས་ལག་པ་ཕྲ་བར་གྱུར་ནས་གསེར་གྱི་གདུ་བུ་དག་ཀྱང་དཔུང་བར་རྒྱུ་བའི་བར་དུ་དཀའ་བ་སྤྱད་དེ་རི་བོ་དེར་ཕྱིན་པ་དང་། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཞེས་པའི་དཔེ་བཞིན་སློབ་མའི་ཚོགས་མང་དུ་འདུས་ཤིང་། རིམ་གྱིས་སློབ་མའི་ཚོགས་དེ་དག་ཀྱང་ཕྱོགས་མེད་རྒྱལ་ཁམས་ཡོངས་ལ་ཁྱབ་པ་དང་སྔོན་གྱི་རྒྱལ་བོའི་ཕོ་བྲང་དུ་ཡང་མཁས་པ་མང་བོ་ཕེབས་པ་རྣམས་ལ་གཏམ་དྲིས་པས་དེ་དག་གིས་རཱ་མའི་རི་ནས་སློབ་དཔོན་མཁས་པ་ཆེན་པོ་ནག་མོ་འཁོལ་གྱི་དྲུང་དུ་སློབ་གཉེར་གནང་ཚུལ་དང་། སློབ་དཔོན་དེ་ལ་མཁས་པའི་ཡོན་ཏན་འདི་དང་དེ་ལྟ་བུ་ཡོད་ཅེས་མང་དུ་གླེང་བས་གནོད་སྦྱིན་རྒྱལ་བོ་དེ་ཡང་སྔར་གྱི་བྱ་བ་ལ་འགྱོད་ཅིང་། སློབ་དཔོན་སླར་གདན་འདྲན་པར་དགོངས། དེ་ལ་ཡང་སློབ་དཔོན་གྱི་ཆེ་བ་གླིང་ལ་ཁྱབ་པ་ཞིག་བྱས་ནས་གདན་འདྲེན་སྙམ་དུ་ཕྱོག་སྨང་བོར་སློབ་དཔོན་གྱིས་མ་གཏོགས་མི་ཤེས་པའི་དྲི་བ་ཞིག་སྟེ། འདམ་ལ་སྐྱེས་པའི་པདྨ་དེ། །འདར་བར་བྱེད་པའི་རྒྱུ་གང་ཞིག།ཅེས་བྲིས་ཤིང་།  གལ་ཏེ་འདི་ལ་ལན་ཐེབས་པའི་མཁས་པ་རེ་ཡོད་ན་རྒྱལ་བོའི་ཕོ་བྲང་གི་དཀོར་ནོར་ཕྱེད་ཀྱི་བྱ་དགའ་ཡོད་ཅེས་སྨྲས་པས་མཁས་བླུན་མང་བོ་ལན་འདྲ་མིན་མང་དུ་ཕུལ་ཡང་དོན་ལ་མ་འབྱོར། སྐབས་དེར་སློབ་དཔོན་འདི་རཱ་མའི་རི་འདབས་ཀྱི་ཆང་ཁང་ཞིག་ཏུ་སོང་བ་ན་དེར་ཡང་དྲི་བ་དེ་ཡོད་པ་མཐོང་བས་དེ་མ་ཉིད་དུ། ཉི་མ་ནུབ་ཚེ་བུང་བ་ཞིག །འཕུར་བར་འདོད་པ་འདར་བའི་རྒྱུ། །ཞེས་བྲིས་པས་ཆང་འཚོང་མ་དག་བྱ་དགའི་བདག་རྐྱེན་ལ་སྲེད་པའི་དབང་གིས་སློབ་དཔོན་ཆང་གིས་བཟི་བའི་གླགས་དང་བསྟུན་ཏེ་དབུ་བཅད་ནས་བཀྲོངས་ཤིང་། དྲིས་ལན་དེ་རྒྱལ་བོར་ཕུལ་བས་རྒྱལ་བོས་ཀྱང་དེ་ཆང་འཚོང་མ་དག་གིས་བྲིས་པ་ཞིག་མིན་པར་མཁྱེན་ཏེ་བརྩད་བཅད་པས་ཆང་ཁང་གི་རྒྱབ་ཀྱི་དོང་ཞིག་ཏུ་ཕུང་བོ་བསྐུངས་ཡོད་པ་རྙེད། འགའ་རེ
ས་དེར་ཚངས་པ་དངོས་སུ་བྱོན་ཅིང་འཇིག་རྟེན་དུ་འདི་ལྟ་བུའི་མཁས་པ་འབྱོན་དཀོན་ཞེས་བདེན་ཚིག་བརྗོད་དེ་སླར་གསོས་པར་བཤད་མོད། གང་ལྟར་སྐུ་ཚེ་ཧྲིལ་བོར་དེ་འདྲའི་བདེ་ལེགས་ཤིག་བྱུང་མེད་པ་འདི་ནི་ཁོང་གི་བླ་ན་མེད་པའི་སྒྱུ་རྩལ་གྱི་མཛེས་པའི་འབྱུང་རྐྱེན་ཞིག་ཏུ་ཡང་བདག་འཁུམས་སོ། །
                                                                   གསུམ།   བརྩམས་ཆོས་ཀྱི་རྒྱབ་ལྗོངས།
       དུས་རབས་སོ་སོའི་རླབས་ཆེན་གྱི་རྩམ་པ་བོ་དང་བརྩམས་ཆོས་མང་ཤོས་ཤིག་ནི་ཕལ་ཆེར་འཚོ་བའི་འགྱུར་ལྡོག་དང་དུས་འགྱུར་གང་རུང་གི་འཐབ་རྩོད་ལས་ཐོན་པ་འབའ་ཞིག་ཏུ་སྣང་ལ། སྙན་ངག་ཆེན་པོ་སྤྲིན་གྱི་ཕོ་ཉ་འདིའང་ཚུལ་དེ་ལས་མ་འདས་པར་སྙམ། དེ་ཡང་བརྩམས་ཆོས་འདིའི་ནང་གི་མི་སྣའི་ཐད་བཞེས་པ་མི་མཐུན་པ་ཡོད་ན་ཡང་ཁོ་བོས་བསམ་ན་སློབ་དཔོན་ཁོང་རང་ཉིད་ཀྱི་མྱོང་བ་དངོས་དེ་བྲིས་ཡོད་པར་སྙམ། དེ་བས་བརྩམས་ཆོས་ཀྱི་རྒྱབ་ལྗོངས་ཡང་གོང་དུ་སོང་མ་ཐག་པའི་སློབ་དཔོན་གྱི་མི་ཚེའི་འགྱུར་ལྡོག་གི་ལོ་རྒྱུས་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད། སྟབས་བདེར་བཤད་ན། སྤྲིན་གྱི་ཕོ་ཉ་འདི་འཚབཧ་སྐབས་ཀྱི་རྩོམ་པ་བོ་ནི་ནག་མེད་ཉེས་འགེལ་གྱིས་རང་གི་དགའ་བའི་ཆུང་མ་དང་གཅེས་པའི་ཁྱིམ་ནོར་སོགས་དང་བཙན་ཐབས་ཀྱིས་ཁ་དབྲལ་ཅིང་རྒྱུས་མེད་པའི་བས་མཐའ་ཞིག་ཏུ་སྤྱུགས་ཏེ་དཀའ་སྡུག་མང་དུ་མྱངས་ཏེ་ཕྱི་ཡི་ལུས་དང་ནང་སེམས་གང་གི་ཆ་ནས་ཀྱང་ཉམ་ཐག་པའི་གནས་སུ་གྱུར་བ་ཞིག་ཡིན་པ་ནི་བརྩམས་ཆོས་ཀྱི་མགོ་མཇུག་ཧྲིལ་བོར་བལྟས་པ་ཙམ་གྱིས་མཐོང་ཐུབ་པ་ཞིག་སྟེ། རྗེ་བོ་ཁྲོས་པའི་ཤིན་ཏུ་ལྕི་བའི་བཀའ་ལུང་དག་གིས་གཟི་བརྗིད་ཉམས་པར་བྱས་གྱུར་ཅིང་།། ཞེས་དང་། འདོད་ལྡན་དེས་ནི་མཛེས་མ་ས་སྤངས་ཤིང་ཟླ་བ་འགའ་ཡིས་རི་བོ་དེར་ནི་ཕྱིན་བྱས་པས། །ལག་པ་ཕྲ་བར་གྱུར་ནས་གསེར་གྱི་གདུ་བུ་དག་ནི་དཔུང་བའི་བར་དུ་རྒྱུ་བར་བྱེད།། ཅེས་རང་ཉིད་ཐོག་མར་རཱ་མའི་རི་བོར་སྤྱུགས་པའི་རྒྱུ་རྐྱེན་དང་སྐབས་དེའི་གནས་བབས། དེ་ནས་ལམ་གྱི་དཀའ་ངལ་སོགས་ཞིབ་ཏུ་བྲིས་ཡོད་ལ། དེ་ནས་གནོད་སྦྱིན་རྒྱལ་བོའི་རྗེས་འབྲངས་དེ་ལྟར་གནས་དེ་མདུན་དུ་ཀེ་ཏའི་མེ་ཏོག་རྒྱས་སྟོབས་ཀྱིས། །ནང་དུ་ཡིད་ལ་རབ་ཏུ་གདུང་བའི་མཆི་མ་ཡུན་རིང་དག་ཏུ་ཅི་ཡང་བྱུང་གྱུར་ཏེ། །ཞེས་པས་ཀྱང་སྐབས་དེའི་རྩམ་པ་བོའི་སེམས་ཁམས་མཐའ་དག་གསལ་གྱི་ལེར་བསྟན་ཡོད། དེ་ལྟ་བུའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འོག་ཏུ་ད་གཟོད་ཕུལ་དུ་བྱུང་བའི་བརྩམས་ཆོས་འདི་ལྟ་བུ་ཞིག་འབྱུང་གི  ད་ལྟའི་མང་བོ་ཞིག་དང་འདྲ་བར་རྩོམ་པ་བོ་རང་ཉིད་བརྩམས་ཆོས་ལས་ལོགས་སུ་གྱེས་པའམ། གཞན་གྱི་མྱོང་བ་རང་གིས་འབྲི་ཁུལ་གྱིས་ན་ཟུག་མེད་པའི་འཁུན་སྒྲ་འབྱིན་མཁན་དག་ལ་ནི་ནམ་ཞར་ཡང་འདི་ལྟ་བུའི་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་འཁྱོངས་པའི་གནས་མེད་པར་སེམས།དེས་ན་ང་ཚོས་འདི་ལྟར་བསམ་འོས་ཏེ། རྒྱལ་བོའི་མཛོད་གཉེར་ཞིག་ལ་སྐབས་དེའི་ཕོ་བྲང་ནང་གི་འགལ་བ་སྣ་ཚོགས་ཀྱི་ཁྲོད་གཞན་གྱི་གནོད་འཚེ་ཐེབས་ཤིང་། རང་བཞིན་དྲང་ཞིང་བློ་རིག་རྒོད་པའི་ཉེར་ལེན་གྱིས་རང་ཉིད་རྒྱལ་བོའི་་ཐུགས་དང་འགལ་བར་གྱུར་ཏེ་རང་དབང་ཅི་ཡང་མེད་པར་བརྩན་བརྗིད་ཅན་གྱི་བཀའ་ལུང་ཐོག་ལྟ་བུ་ཞིག་གིས་ཡུལ་གྱི་ཆུང་མ་དང་རྒྱུ་ནོར་ལོངས་སྤྱོད་གང་ལ་ཡང་ལོངས་སྤྱོད་དབང་མེད་པར་གཅིག་པུར་ཚེ་འདས་ཀྱི་རྣམ་ཤེས་བར་དོར་འཁྱམས་པ་བཞིན་གཤེད་མའི་གདུག་རྩུབ་ཀྱི་རྗེས་འདེད་འོག་ཟླ་བ་འགའི་ལམ་དུ་སོང་ཞིང་། མཐར་འཚོ་བའི་ཆ་རྐྱེན་སོགས་གང་ཐད་ནས་ཧ་ཅང་ཞན་ཐག་ཆོད་་གནས་ཤིག་སྟེ་རཱ་མའི་རི་བོར་བསྐྲད། (སྤྱོད་པས་གནས་བར་གྱིས་ཞེས་པ་ལས་འཚོ་བའི་ཆ་རྐྱེན་སོགས་ལ་ཚོད་དཔག་བྱེད་ཐུབ་པ་ཞིག་ཡིན་ཏེ། སྤྱོད་པ་ནི་དཀའ་ཐུབ་ཀྱི་སྤྱོད་པ་ལ་གོ་དགོས་པར་འགྲེལ་བ་དག་ལས་གསུངས་པས་སོ། །)སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་དང་ཕོ་བྲང་ནང་ཁུལ་གྱི་འགྲན་རྩོད། ད་དུང་ཤེས་རྨོངས་ཀྱི་དབང་ཤེད་སོགས་ཀྱིས་རྩོམ་པ་བོའི་སེམས་ཁམས་ཧྲིལ་བོར་སྨྲེང་བའི་ན་བུན་དཀྲུགས་ཡོད་ལ། ཐ་ན་ནམ་རྒྱུན་སྐད་ཅིག་ལ་ཡང་འབྲལ་བར་མི་བཟོད་པའི་ཁྱིམ་གྱི་ཆུང་མ་དཔྱིད་ལྡན་མ་དང་ཡང་དུས་ཡུན་རིང་བོའི་བར་ཏུ་གསོན་བྲལ་བྱུང་བས་དྲན་པའི་གདུང་བ་རྒྱ་མཚོའི་རླབས་ལྟར་འཕྱུར་བ་དེ་ཡང་འཆད་སའི་མི་ཞིག་ཀྱང་མེད་པར་རང་གཅིག་པུས་སྡུག་བསྔལ་ཉམས་སུ་མྱོང་དགོས་པ་བྱུང་ཡོད་ཚུལ་ནི་སྙན་ངག་རང་དུ་ཡང་། འདོད་པའི་དོན་དུ་མཁས་དང་མི་མཁས་རྣམས་དང་སེམས་ལྡན་སེམས་མེད་རྣམས་ལ་ཞུ་བར་བྱེད། །ཅེས་ཐ་ན་ཕ་རོལ་བོ་སེམས་མེད་སྤྲིན་དང་མེ་ཏོག་ལྟ་བུ་ལ་ཡང་ནང་གི་དྲན་པའི་གདུང་ལ་ལྷུག་པོར་བརྗོད་པའི་ཚུལ་བསྟན་ཡོད་ལ། ཕོ་ཉར་མངའ་གསོལ་རྒྱུ་ཡང་སེམས་མེད་སྤྲིན་གྱི་དུམ་བུ་ཞིག་ཡིན་པ་ལ། བརྩེ་ལྡན་དགའ་མའི་སྲོག་ཀྱང་དྲན་པའི་གདུང་བས་འཕྲོག་འགྲོ་བར་དོགས་པའི་བྲེལ་སྟབས་ཤིག་གིས་དབུགས་ཐེངས་ཤིག་ལ་འཕྲིན་པ་འདི་ཉིད་འབྲི་བར་མཛད་པ་ནི་ཇི་འདྲའི་ཐབས་ཀྱིས་དབུལ་བའི་བྱེད་ཐབས་ཤིག་ཨང་སྙམ་དུ་རང་དབང་མེད་པར་སེམས་ཁམས་ཧྲིལ་བོར་སྐྱུར་དྲི་ཐུལ་ལེར་གྱུར་འགྲོ
       ལྷག་པར་ཡང་སྐབས་དེར་འགྲིམ་འགྲུལ་སྟབས་མི་བདེ་བས་ད་གཟོད་རྩོམ་པ་བོ་རང་ཉིད་ཀྱང་རཱ་མའི་རི་ཡི་བར་དུ་ཟླ་བ་འགར་ཡོང་བ་ཡིན་པས་རང་ཉིད་བདེ་བར་འཚོ་བའི་གཏམ་འདི་བསྐུར་སའི་འགྲུལ་བ་ཞིག་ནི་ཕལ་ཆེར་མ་རྙེད་ཅིང་། ཁོང་ནི་རྒྱལ་ཁྲིམས་དང་འགལ་ཏེ་སྤྱུགས་པ་ཞིག་ཡིན་པས་གལ་ཏེ་འགྲུལ་བྲོ་གརཕ་གཉིས་འགྲོ་འོང་ཡོད་པའི་དབང་དུ་བཏང་ནའང་ཉེས་ཅན་གྱི་འཕྲིན་འཁྱེར་ཕོད་པའི་ཕོ་ཉ་སྙིང་སྟོབས་ཅན་ཞིག་ག་ལ་རྙེད། དེ་བས་ཁོང་གིས་སྙིང་གཏམ་ཁྱེར་བའི་ཕོ་ཉར་ཆུ་འཛིན་ཞིག་གདམས་པ་འདི་ལས་ཀྱང་སྐབས་དེའི་སྤྱི་ཚོགས་ཀྱི་ཟུར་ཆུང་ཆུང་ཞིག་མཐོང་བར་ནུས་སོ། །
                                                                བཞི། སྙན་ངག་གི་སྒྱུ་རྩལ་ཁྱད་ཆོས།
        དེ་ཡང་སྤྲིན་གྱི་ཕོ་ཉའི་རིན་ཐང་དེ་སྤྲིན་གྱི་ཕོ་ཉ་རང་སྟེང་གི་སྒྱུ་རྩལ་ཁྱད་ཆོས་ལས་འཚོལ་དགོས་པ་ཞིག་ཡིན་པས་ཚིག་ཉུང་གིས་མཚོན་པར་མི་ནུས་མོད། ད་རེབ་ཚགས་པར་ཞིག་གི་སྟེང་དུ་འགོད་པ་ལ་མང་ཉུང་གི་ཚད་བཀག་ཅུང་ཆེ་བས་འདིར་རང་གི་ལྟ་ཚུལ་ཉུང་བསྡུས་ཤིག་མཛུབ་མོ་རི་སྟོན་གྱི་ཚུལ་དུ་བཀོད་ན། སྙན་ངག་འདི་ལ་ཤོ་ལོ་ཀ་བརྒྱ་དང་ཉི་ཤུ་མ་ལོངས་ཙམ་ཡོད་པ་ལས་ཕྱེད་ཀ་ལྷག་ཅིག་ཕོ་ཉ་རང་གི་ཡུལ་དུ་མངགས་པའི་ལམ་གྱི་བཀོད་པ་ངོ་སྤྲད་པ་ཤ་སྟག་ཡིན་པས་རྩོམ་གྱི་སྒྱུ་རྩལ་གཙོ་བོ་ཡང་ཡུལ་ལྗོངས་འཕྱོར་འབྲིའི་སྟེང་ན་ཡོད། འོན་ཀྱང་ཡུལ་ལྗོངས་དེ་ཡང་རྩོམ་པ་བོས་རང་གི་མིག་གིས་ཇི་ལྟར་མཐོང་བ་ཇི་བཞིན་འཕྱོར་འབྲི་བྱས་པའི་རི་མོ་ལྟ་བུ་ཞིག་ཀྱང་མ་ཡིན་པར། རི་མོ་ལ་བརྩེ་དུང་གིས་ཁྱབ་པར་བྱས་པ་ནི་རས་ལ་སྣུམ་བྱུགས་པའི་དཔེ་ལྟར་ཚིག་རེ་རེའི་ཤུགས་ནས་ཀྱང་རྩོམ་པ་བོའིནང་སེམས་ཀྱི་དུངས་པ་དང་འགྱུར་པ་མཐའ་དག་གཟུགས་ཅན་བཞིན་མཐོང་ཐུབ་ལ། འདི་ནི་རྒྱ་ནག་གིས་གཙིགས་ཆེན་དུ་འཛིན་པའི་(借景抒情)ཁོར་ཡུག་ལ་བརྟེན་ནས་དུངས་སེམས་མཚོན་པའི་རྩོམ་སྟངས་ཞེས་པ་ལས་ཀྱང་བླ་ལྷག་ཏུ་མཐོ་བའི་ནུས་པ་ཞིག་ཐོན་ཡོད་པར་སེམས། འཛམ་གླིང་ན་སྙན་གྲགས་ཆེ་བའི་རྩོམ་པ་བོ་ཞིག་གིས་བརྩམས་ཆོས་གྲགས་ཅན་གང་ཡིན་ཡང་དེ་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་ཀློག་པ་བོའི་ཡིད་སེམས་དབང་མེད་དུ་འགུག་པའི་གདོན་ཤུགས་ཤིག་ཡོད་ཅེས་པ་བཞིན་སྤྲིན་གྱི་ཕོ་ལ་འདི་ལ་ཡང་ཆེས་འབུར་དུ་ཐོན་པའི་ཡིད་འགུག་གི་ནུས་པ་ཞིག་ཡོད་པ་ནི་སྤྲིན་གྱིས་ལམ་བར་ནས་ཡུལ་ལྗོངས་དང་སྲོག་ཆགས་སོགས་ཅི་ཞིག་མཐོང་ཡང་དེ་དག་ཐམས་ཅད་རྩོམ་པོ་བོའི་ནང་གི་འགྱུར་བས་རྡོ་ལ་གསེར་འགྱུར་གྱི་རྩི་ཞུགས་པ་ལྟར་ཁྱབ་ཡོད་པས་སྙན་ངག་ནང་གི་ཟླ་བ་དང་ནམ་མཁའི་དབྱིངས་ཀྱི་ཟླ་བ་གཉིས་མི་འདྲ་ཞེས་ཡང་འདི་འདྲ་ཞིག་ལ་བཤད་པ་ལོས་ཡིན་སྙམ་པའི་ངོས་ཟིན་ཞིག་ངང་ངམ་ཤུགས་ཀྱིས་སྟེར་ཡོང་།
       དེ་ལ་ཞིབ་ཏུ་བཤད་ན་སྙན་ངག་ཧྲིལ་བོ་དཔེར་བཀོད་དེ་བཤད་ཆོག་པར་ཡོད་ཀྱང་འདིར་ནི་ས་བཅད་མ་སྟོངས་ཙམ་ཞུས་ན། ཀྭ་ཡེ་གྲོགས་པོ་ད་ནི་བདག་གི་དགའ་མའི་དོན་ལ་མྱུར་དུ་འགྲོ་སྙམ་ཡོད་ན་ཡང་། །ཀ་ཀུ་བྷ་ཡི་དྲི་ལྡན་རི་བོ་རྣམས་ལ་ཡུན་རིང་ཐོགས་པར་བདག་གིས་ཤེས། །གཙུག་ཕུད་ཅན་གྱི་འདེན་བྱེད་ཆུ་དང་བཅས་པས་ལེགས་པར་འོངས་སམ་བྱས་ནས་ཡུན་རིང་གནས་པར་འདོད། །དེ་སླད་ཁྱོདན་ནི་ཤིན་ཏུ་མྱུར་བར་འགྲོ་བར་འགྱུར་བར་དག་ཀྱང་ཇི་ལྟར་ཡིན། །ཞེས་པ་འདི་ཡང་ཕར་བལྟས་ཚོད་ལ་ཆུ་འཛིན་ཁྱོད་རི་ངོས་ཤིག་ཏུ་བསླེབས་པ་ན་དེར་ཅུང་ཐོགས་པར་འགྱུར་ཞིང་། སྐབས་དེར་རྨ་བྱ་དག་ཀྱང་མཐོང་བར་འགྱུར་ཞེས་པ་ལྟ་བུར་འདུག་མོད། ཞིབ་ཏུ་བསམ་ན་དེ་ཙམ་ཞིག་མ་ཡིན་པར་ད་དུང་དེའི་ཤུགས་སུ་ཆུ་འཛིན་དང་རྨ་བྱ་འཕྲད་པ་ལས་ཕན་ཚུན་ཡུན་རིང་བྲལ་བའི་གདུང་བ་དང་ལྡན་པའི་རྨ་བྱའི་ཚོགས་ཀྱིས་དྲན་གདུང་གི་མཆི་མ་མིག་མཐར་བཟུང་སྟེ་ཁྱོད་ལ་ལེགས་པར་འོངས་སམ་ཞེས་སེམས་ཁུར་དང་བཅས་འཚམ་འདྲི་བྱེད་པར་འགྱུར་ལ། སྐབས་དེར་ཁྱོད་ཀྱིས་ཀྱང་རང་གི་དགའ་མ་དེ་བསྐྱུར་ནས་མྱུར་དུ་བདག་གི་དོན་ལ་འགྲོ་བར་ག་ལ་ནུས་ཞེས་རྩོམ་པ་བོ་རང་ཉིད་ཀྱི་ལས་དབང་ལ་གཞིགས་པའི་སྣང་བརྙན་ཞིག་རྟོག་བཟོ་བྱས་ཡོད་པ་འདི་ལས་ང་ཚོས་རྩམ་པ་བོས་རང་ཉིད་ཀྱི་དྲན་གདུང་དེ་ཕྱིའི་ཁོར་ཡུག་གི་མཐོང་ཐོས་མཐའ་དག་ལ་ཡང་སྦྱར་ཡོད་པ་མཐོང་ཐུབ་ལ། སྤྲིན་གྱི་ཕོ་ཉའི་བླ་མེད་ཀྱི་ཕས་པ་ཡང་འདི་ལྟ་བུ་ལས་འཚོལ་དགོས་པ་ཡིན་པས་གསར་དུ་ཀློག་མཁན་ཞིག་ལ་མཚོན་ན་དོ་སྣང་བྱེད་དགོས་པ་གཙོ་བོ་ཞིག་རེད།  གཞན་ཡང་ཚིག་གི་སྒྱུ་རྩལ་ལམ་མཚོན་སྟངས་ཀྱང་གཞན་དང་མི་མཚུངས་པ་ཞིག་ཡོད་པ་ནི། དཔེར་ན་དབྱར་དུས་ཟླ་བ་གཉིས་པ་འོངས་པར་གྱུར་ཚེ་བརྩེ་ལྡན་མ་ཡི་ཆེད་དུ་སྲོག་འཆང་བ། །ཞེས་པ་འདི་ལས་ཀྱང་ཅུང་རྟོགས་ནུས་ཏེ། སྤྱིར་ཡིན་ན་རྩོམ་པ་བོ་རང་ཉིད་ནི་གཟི་བརྗིད་ཡོངས་སུ་ཉམས་པར་གྱུར་པས་ད་ནི་གསོན་པའི་རེ་བ་ཡང་མེད་མོད། འོན་ཀྱང་རང་ཉིད་ཤི་བར་གྱུར་ཚེ་མཛའ་དུངས་འགྱུར་མེད་ཀྱི་དགའ་མ་དཔྱིད་ལྡན་མ་ཡང་ངེས་པར་འཚོ་བར་མི་འགྱུར་བ་ཉིད་དུ་ངེས་སོ་ཞེས་ཕན་ཚུན་གྱི་ཡིད་ཆེས་དང་བརྩེ་བ་མཐའ་དག་མཚོན་པར་བྱེད་སླད་བརྩེ་ལྡན་མ་ཡི་ཆེད་དུ་སྲོག་འཆང་བ་ཞེས་བྱུང་ལ། མདོར་ན་རྩོམ་པ་བོ་རང་ཉིད་འཇིག་རྟེན་དུ་དབུགས་ཀྱི་རྒྱུ་བ་མ་ཆད་པར་འཚོ་བ་འདི་ཡང་ཁོ་མོའི་ཆེད་དུ་ཡིན་པར་བསྟན་ཡོད། དེ་དང་འདྲ་བར་ལག་པ་ཕྲ་བར་གྱུར་ནས་གསེར་གྱི་གདུ་བུ་དག་ཀྱང་དཔུང་བའི་བར་དུ་རྒྱུ་བར་བྱེད། །ཅེས་པས་ཀྱང་རང་ཉིད་ཀྱི་ཉམ་ཐག་པའི་སྣང་ཚུལ་མཐའ་དག་ཚིག་ཉུང་ངུས་ང་ཚོའི་མིག་ལམ་དུ་གཟུགས་རིས་བཞིན་སྣང་དུ་ཡོད་པ་ཞིག་བྲིས་ཡོད་པ་འདི་ནི་སྤྲིན་གྱི་ཕོ་ཉའི་ཁྱད་ཆོས་དང་། བོད་འགྱུར་མ་ཁོ་ནས་ལས་མཐོང་ཐུབ་པའི་སྤྲིན་གྱི་ཕོ་ཉའི་སྒྱུ་རྩལ་གྱི་མཛེས་པ་རེད། གཞན་ཡང་། དེ་ན་བདག་པོའི་གནས་སུ་མཆོག་གི་བཙུན་མོ་རྣམས་ནི་རབ་དགའ་སྙེག་པར་བྱེད་པ་བཞིན། །མཚན་མོའི་མུན་པ་སྟུག་པོ་རྣམས་ཀྱིས་མི་ཡི་བདག་པོའི་ལམ་གྱི་སྣང་བ་འགོག་བྱེད་པས། །ཁྱོད་ཀྱི་གློག་འོད་གསེར་མདོག་འོད་ཀྱིས་སྣང་བས་ས་གཞིའི་ལམ་ནི་ཀུན་ནས་བསྟན་པར་མཛོད། །ཆུ་ཆར་འབྲུག་དབྱངས་སྒྲ་ཆེན་མང་བོ་མ་བྱེད་མཛེས་མ་དེ་རྣམས་སྐྲག་ཅིང་འཆི་བར་འགྱུར། །ཞེས་པ་ལས་ཀྱང་རྩོམ་པ་བོས་རང་གི་དགའ་མ་དྲན་ཚུལ་རྣམས་ཚིག་གི་ངོ་གདོང་ལ་དངོས་སུ་མ་བཏོན་པར། བུད་མེད་གཞན་གྱི་བདེ་སྡུག་སོགས་ལ་སེམས་ཞིབ་མོས་སེམས་ཁུར་བྱས་ཡོད་པ་འདི་ལས་རྩོམ་པ་བོས་ཚིག་གིས་དངོས་སུ་བདག་གིས་དགའ་མ་དྲན་ནོ་ཞེས་བྲིས་པ་ལས་ལྡབ་བརྒྱ་འགྱུར་གྱིས་ལྷག་པའི་ཡིད་འགུག་གི་ནུས་པ་ཞིག་ཐོན་ཡོད་པར་སེམས་སོ། ། དེ་དང་དེས་མཚོན་ད་དུང་མང་ན་ཡང་འདིར་ཚིག་ཚོགས་མང་དུ་དོགས་ནས་མ་སྤྲོས་སོ། །
                                                             ལྔ། མཇུག་བསྡུ།
       མདོར་ན་སྤྲིན་གྱི་ཕོ་ཉའི་སྒྱུ་རྩལ་གྱི་རིན་ཐང་དང་མཛེས་པ་ནི་ཚིག་གི་གསེབ་ནས་ཤུགས་ན་བསྐུངས་ཡོད་པས་ང་ཚོས་བམ་ཀློག་བྱས་པ་ཙམ་གྱིས་སྙན་ངག་འདིའི་ཁྱད་ཆོས་ཅི་ཡང་ཚོར་མི་ཐུབ་ལ། ཚིག་གི་སྒྱུ་འཕྲུལ་ཁོ་ན་མ་ཡིན་པར་དོན་གྱི་ཉམས་འདོན་སྟངས་དང་། ཁོར་ཡུག་གི་ཡུལ་ལྗོངས་ཀྱང་འཕྲིན་ཡིག་དང་འབྲེལ་མེད་དོན་གཞན་དུ་གྱུར་པ་གཅིག་ཀྱང་མེད་པར་ཐམས་ཅད་རྩོམ་པ་བོའི་ནང་གི་དྲན་གདུང་མཚོན་བྱེད་ཤ་སྟག་ཏུ་གྱུར་ཡོད་པ་ནི་ཁོར་ཡུག་གདམས་གསེས་ཀྱི་ཁྱད་ཆོས་རེད། དེ་བས་ཀྱང་སྙན་ངག་འདི་འདི་ལྟར་ང་ཚོས་མྱོང་ཐུབ་པ་ནི་ང་ཚོའི་བོད་འགྱུར་མའི་དགེ་མཚན་གལ་ཆེན་ཞིག་ཡིན་་སེམས་ཏེ། སྤྱིར་འགྱུར་ཀུན་གྱི་ཐོག་མ་ཡང་བོད་འགྱུར་འདི་ཡིན་ལ།འགྱུར་གཞན་པ་སྟེ། ཁོ་བོས་ཅིན་ཁེ་མུ་ཡི་འགྱུར་སོགས་དང་བསྡུར་ནས་ཀྱང་བལྟས་མྱོང་ལ། ཅིན་ཁེ་མུ་ཡི་རྒྱ་འགྱུར་འདི་ནི་པ་ལིའི་སྐད་གཞིར་བྱས་ཤིང་དབྱིན་འགྱུར་སོགས་ལ་ཟུར་བལྟ་བྱས་ཏེ་བསྒྱུར་བ་ཡིན་འདུག་མོད། ནང་དོན་ཕལ་ཆེར་བོད་འགྱུར་དང་མཚུངས་པ་ལ་སྒྱུ་རྩལ་གྱི་མཛེས་པ་འདི་དག་གི་ཆ་ཤས་ཙམ་ཡང་མྱོང་དུ་མེད་པས་འདི་ལས་ང་ཚོས་རང་གི་ཡབ་མེས་སྐུ་དྲིན་དག་གི་རྣམ་དཔྱོད་ཀྱི་ཟབ་ཚད་ཅིག་ཀྱང་ཞར་རམ་ཤུགས་ལ་རྟོགས་ཡོང་བར་འདུག་གོ། །