དབུ་ཤོག >> མི་རིགས་ཆོས་ལུགས། >> ཡུལ་སྲོལ་གོམས་གཤིས།
རེབ་གོང་གླིང་རྒྱའི་ཀླུ་རོལ་ལ་ཅུང་ཙམ་དཔྱད་པ།
རྩོམ་པ་པོ། བདུད་ལྷ་རྒྱལ། དུས་ཚོད། 2013-03-27 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 404

         རེབ་གོང་གླིང་རྒྱའི་ཀླུ་རོལ་དེ་གཙོ་བོ་ཀླུ་ལ་མཆོད་པ་འབུལ་བའི་རྩེད་མོའི་རིགས་ཤིག་ཏུ་སྣང་སྟེ་དེ་ཡང་སྤྱི་ཚོགས་རྙིང་བའི་སྐབས་སུ་སྡེ་མི་མཐའ་དག་རྩེད་པའི་གར་ཞིག་ནི་མ་ཡིན་པར་ལུང་བ་འདིའི་ཕར་ཕྱོགས་སུ་གནས་པའི་ཞིང་སའི་བདག་པོ་དག་ཁོ་ན་རྩེད་པའི་གར་ཞིག་ཡིན་པར་བཤད་ཅིང་། ཞིང་ས་དེ་དག་གི་རྐ་ཁུངས་དེ་ཀླུ་སྡོང་ནང་ཟེར་བའི་ཆུ་མགོ་དེར་འབྲེལ་ནས་ཡོད་པས་གླིང་རྒྱའི་ཀླུ་རོལ་ཐོག་མ་རྩེད་སའང་སྡེ་བའི་ནང་མ་ཡིན་པར་ཀླུ་སྡོང་ནང་ཡིན་ངེས་ལ། དེ་དུས་གར་གྱི་ཉམས་འགྱུར་སོགས་ནི་མེད་པར་ཕལ་ཆེར་ཆུ་རྩེད་ཀྱི་རིགས་སུ་གཏོགས་པ་འདྲ་ཞིག་རེད་འདོད། དེ་ལ་ཡང་མི་རིགས་གཞན་དག་ལ་དབྱར་ཁར་ཆུ་རྩེད་བྱེད་པའི་སྲོལ་ཡོད་པ་དེ་བཞིན་འདིའི་འབྱུང་ཁུངས་དངོས་ཀྱང་དེ་འདྲ་ཞིག་རེད་འདོད་ལ། འཇིག་རྟེན་པའི་ལྷ་ལ་མཆོད་པའི་སྲོལ་འགྲོས་ལྟར་གླུ་ལ་གཞས་རེ་ལེན་པའམ་སྡོང་མགོར་འགོས་ཏེ་ཀླུ་ལ་མཆོད་པ་དེས་ཆུ་མགོའི་ཆུ་བོ་ཇེ་མང་དུ་འགྲོ་བའི་བྱེད་སྣང་ཙམ་གྱི་ཆོས་ལུགས་ཀྱི་ཆོ་ག་སྒྲུབ་ཚུལ་ལྟར་དགྲ་ཕམ་པར་རྒྱག་བྱེད་དམ་གནམ་ལ་སྐྱབས་རེ་བ་དེ་འདྲའི་མཚོན་དོན་ཅན་ཞིག་ནི་མ་རེད་བསམ་ཀི

        ཀླུ་རོལ་ལྟ་བུ་དག་ལ་ལོ་རྒྱུས་ཀྱི་ཁུངས་འདེད་པར་བསྟན་བཅོས་གང་ཞིག་ནས་ཀྱང་སྟོན་དུ་མེད་ལ། ལྷག་པར་དུ་རང་ཅག་གི་ཆོས་འབྱུང་ལོ་རྒྱུས་རྣམས་སུ་ཆོས་དང་འབྲེལ་བའི་དོན་བྱ་ཞིག་ཡིན་ན་མ་གཏོགས་འཇིག་རྟེན་པའི་བྱ་བ་ཞིག་གཏན་ནས་མི་འཇོག་པས་ན། ལོ་རྒྱུས་ཀྱི་ཡིག་ཆ་ཞིག་གམ་ལོ་རྒྱུས་རིག་པའི་སྒོ་ནས་ཀྱང་དཔྱད་པ་གཏོང་ས་མི་འགྲོ ཀླུ་རོལ་གྱིས་ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་འདིའི་ཁྲོད་དུ་ནུས་པ་ཅི་ཞིག་འདོན་གྱིན་ཡོད་ཟེར་ན་རང་ཉིད་སྡེ་བའི་ཁྲོད་དུ་རྒྱུན་སྡོད་བྱེད་མཁན་གྱི་མི་ཞིག་ལ་མཚོན་ན་དེ་ཉིད་གོམས་གཤིས་ཤིག་ཏུ་ལྟ་བཞིན་དེ་འདྲའི་ཚོར་བ་ཆེར་མི་ལྡན་ནའང་རང་ཉིད་ཕྱི་ལ་ཐོན་པའི་མི་ཞིག་གི་ངོས་ནས་བཤད་ན་ལོ་གཅིག་གི་ཀླུ་རོལ་ལ་ཡོང་མ་ཐུབ་དུས་དེ་ཉིད་སེམས་ཀྱིས་མི་བཟོད་པ་ཞིག་སྟེ་ཀླུ་རོལ་གྱི་ཉིན་དེ་ལ་བོད་ཕྱི་སྡོད་པ་ཞིག་ཡིན་པས་ཀྱང་ངེས་པར་ཁ་པར་སོགས་ལས་གནས་ཚུལ་འདྲི་ངེས་ལ། ཁོ་བོ་རང་སྟེང་ནས་བཤད་ནའང་ཀླུ་རོལ་ལ་ཡོང་མ་ཐུབ་པའི་ཉིན་དེ་ལ་ཕ་ཡུལ་གྱི་ཕྱོགས་སུ་ཀླུ་རོལ་རྩེད་ཀིན་ཡོད་སྙམ་པའི་བསམ་བློ་འཁོར་ཡོང་ཞིང་། རང་གི་བག་ཉལ་གྱི་ངོས་སམ་བག་ཆགས་ཀྱི་གཏིང་རིམ་ཞིག་ཏུ་ཀླུ་རོལ་གྱིས་ཕ་ཡུལ་དང་དམ་དུ་སྦྲེལ་འདུག་པའི་སྣང་བ་ཞིག་སྟེར་ཀི གཞན་ཡང་རྩེད་མཁན་དག་གི་ངོས་ནས་བཤད་ནའང་གླིང་རྒྱའི་ཀླུ་རོལ་འདི་ལ་འཁྲབ་སྟོན་གྱི་རང་བཞིན་དེ་མི་ལྡན་པར་གཙོ་བོ་རྒྱུད་པ་ལྷེམ་ཞིང་དཔུང་བ་འགུལ་བ་དེས་རང་མྱོས་ཀྱི་སྣང་བ་གཙིགས་སུ་ཆེ་ཞིང་། མཁར་རྔ་རྡུང་བའི་དབྱངས་འགྲོས་དེ་ཡང་གདངས་ཤིན་ཏུ་གསལ་བའི་རང་བཞིན་ཅན་ཞིག་ཡིན་པས་ན་རྩེད་མཁན་དག་ལ་གོམ་འགྲོས་ནོར་འགྲོ་བསམ་པའི་སེམས་ཁུར་དེ་མེད་པ་ཅན་ཞིག་རེད་པས། ཀླུ་རོལ་འདིས་མི་དམངས་མང་ཚོགས་ཀྱིས་ཉི་མ་སུམ་བརྒྱ་དྲུག་ཅུ་ཙམ་ལ་ངལ་རྩོལ་བྱས་པའི་སེམས་ངལ་དེ་སེལ་ཀིན་པའི་མཐུན་རྐྱེན་བསྐྲུན་ཡོད་བསམ་ལ། མ་འོངས་པའི་སྤྱི་ཚོགས་ཀྱི་ཁྲོད་དུའང་རྒྱུ་ནོར་ལ་རྔམ་པའི་སེམས་ཀྱི་སྣོན་ཤུགས་སམ་སེམས་ངལ་དག་བསལ་བར་ཕན་པ་ཤིན་ཏུ་ཆེ་སྙམ་ཀི

        ཀླུ་རོལ་གྱི་འགྱུར་ལྡོག་དེ་ཤིན་ཏུ་ནས་ཆེ་སྙམ་སྟེ།སྐབས་ཐོག་མ་དར་དུས་སུ་རྩེད་མོ་འདི་ལ་བལྟ་མཁན་མང་ཞིང་རྩེད་མཁན་ཀྱང་མང་བར་བཤད་ཅིང་། དེ་ནས་རིམ་བཞིན་ལྟད་མོ་བ་དང་རྩེད་མོ་རྩེད་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་བྱིན་པ་རེད། ཡིན་ན་ཡང་ད་ལྟའི་དུས་སུ་བལྟ་མཁན་དང་རྩེད་མཁན་གཉིས་ཀ་ཇེ་མང་ནས་ཇེ་མང་དུ་འགྲོ་གིན་འདུག བྱུང་ཚུལ་འདི་ལ་རྒྱུ་མཚན་གསལ་བོ་ཞིག་བཤད་རྒྱུ་མེད་ནའང་སྣང་ཚུལ་གྱི་ངོས་ནས་བཤད་ན་བཟང་ཕྱོགས་ཀྱི་འགྱུར་བའི་ཆ་ཞིག་རེད་འདོད། ཡང་རྩེད་མོ་རང་སྟེང་ནས་བཤད་ན་འགྱུར་བའི་ཆ་ཧ་ཅང་གིས་མང་སྟེ། སྤྱིའི་ཆ་ནས་བལྟས་ནའང་བོད་ཀྱི་བྱ་བ་གང་དང་གང་ཞིག་ཡིན་པས་ཀྱང་སྟབས་ཇེ་བདེ་དང་ཚགས་ཇེ་ཡང་ཞིག་ཏུ་བཞག་དང་འཇོག་ཀིན་ཡོད་པ་དེ་བཞིན་གནའ་བོའི་དོན་ཕྲ་ཞིང་ཞིབ་པ་སྐོར་ཅིག་ད་ལྟ་རྒྱ་ཡན་དུ་བཞག་ནས་ཡོད་པས་སྔར་གྱི་ངོ་བོ་དེ་འགྱུར་གྱིན་པའི་བསམ་ཚུལ་འདྲ་སྟེར་བ། དཔེར་ན། སྔ་དུས་སུ་ཤིང་མོ་འཕེན་པའི་དུས་སུ་མི་མང་ཚོགས་ནས་ཤིང་རྒྱ་འབབ་ཚུལ་དེ་ལྷའི་དགོངས་པ་ཞིག་ཏུ་བལྟས་ཏེ་ཚང་མས་མགྲིན་གཅིག་ཏུ་ཀི་འདེབས་ཀྱིན་ “ཤིང་རྒྱ” ཞེས་སྒྲོག་ལ། མོ་མ་ཡག་དུས་ཀླུ་རོལ་ཡང་དང་བསྐྱར་དུ་རྩེད་ནའང་། དུས་ད་ལྟ་ཤིང་རྒྱ་འཕེན་དུས་སུ་མི་རེ་གཉིས་མ་གཏོགས་མེད་པ་དེས་སྔོན་ཆད་གཙོ་བོའི་བྱ་བ་འགའ་ཞིག་ད་ལྟ་ཕལ་བར་གྱུར་ནས་ཡོད་པ་རེད། འགྱུར་ཚུལ་འདིས་སྔོན་ཆད་ཀྱི་རྩེད་མོའི་རིག་གནས་ཀྱི་གནད་དེ་འཛིན་ས་མེད་པ་ཞིག་ཏུ་བཏང་ཡོད་པས་རྩེད་མོ་རང་སྟེང་གིས་བཤད་ན་རྩེད་རིག་ཁོ་ན་ཞིག་ཏུ་འགྱུར་སྲིད་པའི་ཉེན་ཁ་བསྐྲུན་ནས་ཡོད་པས་འགྱུར་ཚུལ་མི་ལེགས་པ་ཞིག་རེད་འདོད།