དབུ་ཤོག >> མི་རིགས་ཆོས་ལུགས། >> དགོན་སྡེ་ངོ་སྤྲོད།
དཀར་མཛེས་ཁུལ་གྱི་མིང་དུ་གྲགས་པའི་སེར་ཤུལ་དགོན་པ།
རྩོམ་པ་པོ། མེད ། དུས་ཚོད། 2013-03-27 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 241

       དཀར་མཛེས་ཁུལ་སེར་ཤུལ་རྫོང་ནི་སི་ཁྲོན་དང་མཚོ་སྔོན། བོད་ལྗོངས་བཅས་ཀྱི་སྦྲེལ་མཚམས་སུ་ཆགས་ཤིང་མཚོ་ངོས་ལས་མཐོ་ཚད་ལ་སྨི4000ལྷག་ཡོད།   འདིར་མིང་དུ་གྲགས་པའི་བོད་རྒྱུད་ནང་བསྟན་དགེ་ལུགས་པའི་དགོན་སྡེ་སྟེ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་ཡོད།
        སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་ནི་སྤྱི་ལོ1699ལོར་བཙུགས་ཤིང་། ད་ལྟའི་བར་ལོ་ངོ300ལྷག་གི་ལོ་རྒྱུས་ལྡན་པ་དང་། དུས་རབས་འགའི་སྔོན་དུ་གཏེར་སྟོན་པ་གྲགས་ཅན་རྡོ་རྗེ་བདུད་འདུལ་གྱིས་མ་འོངས་ལུང་བསྟན་གནང་བ་ལྟར།  སེར་ཤུལ་དགོན་པ་འཛུགས་པའི་རྟེན་འབྲེལ་དང་། དགོན་པའི་གནས་དུས། དགེ་ལུགས་པའི་གྲྭ་བཙུན་བྱུང་ལུགས་སོགས་གསལ་བོར་བསྟན་འདུག
        བླ་ཆེན་སོ་སོའི་འབད་བརྩོན་འོག་ད་ལྟའི་སེར་ཤུལ་དགོན་ལ་བུ་དགོན60ལྷག་དང་། ཁྱོན་ཡོངས་མུའུ70ལྷག་ཟིན། འདི་ནི་དཀར་མཛེས་ཁུལ་དུ་མིག་སྔར་ཆེས་ཆེ་བའི་དགོན་ཆེན་ཞིག་ཡིན་ཞིང་།  འདི་བཙུགས་རྗེས་བླ་ཆེན་ཁག་གིས་དོ་སྣང་ཆེན་པོ་མཛད་དེ་དགེ་ལུགས་པའི་གྲུབ་མཐའི་ཁྲོད་ཆེས་སྟོབས་ཤུགས་ལྡན་པའི་ནང་བསྟན་ཁྱབ་སྤེལ་གྱི་གནས་ཤིག་ཏུ་གྱུར་ཡོད། དགོན་པའི་ཐང་ཆེན་དུ་པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐུ་གདུང་མཆོད་རྟེན་དང་ཁོང་གིས་རབ་གནས་མཛད་པའི་རིང་བསྲེལ་མཆོད་རྟེན།  དགོན་པའི་ལྷོ་ངོས་ཀྱི་བྱམས་པའི་ལྷ་ཁང་དུ་མཐོ་ཚད་ལ་སྨི18ཅན་གྱི་རྗེ་བཙུན་བྱམས་པ་མགོན་པོའི་ལྷ་སྐུ་དང་། དགོན་པའི་བྱང་ངོས་ཀྱི་ལྷ་ཁང་དུ་སློབ་དཔོན་པདྨ་འབྱུང་གནས་དང་། རྗེ་ཙོང་ཁ་བ་སོགས་ལྷ་སྐུ1000ལྷག་བཞེངས་ཡོད། དེ་མིན་དགོན་འདིར་པར་འདེད་གླིང་དང་། མཐོ་རིམ་དགེ་བཤེས་ནང་བསྟན་སློབ་གླིང་། འདུ་ཁང་ཆེན་མོ།  བོད་ཀྱི་གསོ་རིག་གླིང་། བྱམས་སེམས་གླིང་། སྣེ་ལེན་ཁང་སོགས་བསྐྲུན་ཡོད།  དགོན་འདིར་བསྡོམས་པས་བླ་མ15དང་། མཁན་པོ20ལྷག  དགེ་བཤེས30ལྷག་དང་གྲྭ་བཙུན2000ལྷག་ཡོད།