དབུ་ཤོག >> བོད་ཀྱི་རིག་གནས། >> སློབ་གསོ། >> སློབ་གྲྭ་ངོ་སྤྲོད།
བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-03-27 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་སློབ་འབྲིང་དྲ་བ། ཀློག་གྲངས། 82

   

       བོད་ལུགས་གསོ་རིག་སློབ་ཆེན་ནི་གྲོང་ཁྱེར་ལྷ་སའི་ཉང་བྲན་ལམ་བརྒྱུད་དུ་གནས་ཡོད་ཅིང་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ་༧༢༢༣༡ཡོད་པ་དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་བསྡོམས་སྨི་ངོས་སྙོམས་གྲུ་བཞི་མ་༡༣༩༦༤.༥༢ཡོད་ལ་ཁོར་ཡུག་ཀྱང་ལེགས་པོ་ཞིག་ཡོད་པ་རེད། ༡༩༨༧ལོའི་ཟླ་༢པ་ནས་བཟུང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྔ་རྗེས་སུ་འགྲོ་གྲོན་སྒོར་ཁྲི་ཚོ་ཆིག་སྟོང་ལྷག་ཙམ་བཏང་ནས་སློབ་གྲྭ་དེར་སློབ་ཁྲིད་ཁང་ཐོག་བརྩེགས་དང་གཞུང་ལས་ཁང་ཐོག་བརྩེགས། ལས་བཟོའི་ཉལ་ཁང་ཐོག་བརྩེགས། སློབ་ཕྲུག་གི་ཉལ་ཁང་ཐོག་བརྩེགས། ཕྱི་རྒྱལ་སློབ་ཕྲུག་གི་ཉལ་ཁང་ཐོག་བརྩེགས། དཔེ་མཛོད་ཁང་། ལས་བཟོ་དང་སློབ་ཕྲུག་གི་ཟ་ཁང་བཅས་གསར་རྒྱག་བྱས་པ་དང་སྨི་ངོས་སྙོམས་གྲུ་བཞི་མ་༡༥༦༦༣ཡོད་པའི་ལུས་རྩལ་ཐང་ཆེན་བཟོ་བཅོས་བྱས་པ། སྨི་ངོས་སྙོམས་གྲུ་བཞི་མ་༣༠༠༠སྔོ་ལྗང་ཅན་ལ་བསྐྲུན་པ། མེ་ཏོག་སྟེགས་བུ་༥བཟོས་པ། བོད་ལུགས་གསོ་རིག་གསར་བཏོད་པ་གཡུ་ཐོག་ཡོན་ཏན་མགོན་པོའི་རྡོ་སྐུ་གཅིག་བཞེངས་པ་བཅས་བྱས་ཡོད་པ་རེད།

སློབ་གྲྭའི་དཔེ་དེབ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ་༩༩༧ལྷག་ཙམ་ཡོད་པ་མ་ཟད་ད་དུང་བོད་ལུགས་གསོ་རིག་གི་རྩི་ཤིང་དངོས་དཔེ་ཁག་༧༧དང་གཏེར་དངོས་དངོས་དཔེ་ཁག་༢༣༡བོད་སྨན་སྣ་ཁ་༢༢༧བཅས་བསྒྲིགས་ཡོད་པ་རེད།

       ༡༩༩༣ལོར་རྒྱལ་ཁབ་སློབ་ཨུད་ཀྱིས་རིན་ཐང་སྒོར་ཁྲི་༢༠ལྷག་ཙམ་རི་བའི་གློག་ཆས་ཅན་གྱི་སློབ་ཁྲིད་ཡོ་བྱད་རོགས་སྐྱོར་གནང་ཞིང་ང་ཚོའི་སློབ་གྲྭས་ད་ལྟ་འབྲེལ་ཡོད་སྡེ་ཚན་ལ་འགྲོ་གྲོན་གནང་རྒྱུའི་ཞུ་ཡིག་ཕུལ་ནས་གློག་སྤྱད་སློབ་ཁྲིད་འཛིན་གྲྭ་དང་ཕྱོགས་བསྡུས་ཚོད་ལྟ་ཁང་འཛུགས་རྒྱུ་ཡིན། བོད་ལུགས་གསོ་རིག་སློབ་ཆེན་བཙུགས་པ་ནས་བཟུང་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་སློབ་ཕྲུག་དངོས་སྦྱོང་བྱ་ཡུལ་མཁོ་འདོན་གནང་བའི་ལས་འགན་འཁུར་ཞིང་ཉེ་བའི་ལོ་གཉིས་ཙམ་ནང་སློབ་གྲྭས་སློབ་ཁྲིད་དངོས་སྦྱོང་གནས་གཞི་གཞིས་རྩེ་དང་ལྷོ་ཁ་ས་ཁུལ་སྨན་རྩིས་ཁང་ལ་རྒྱ་བསྐྱེད་བྱས་པ་ཡིན། སྨན་ཁང་དེ་གསུམ་ལ་ནད་ཁྲི་༣༡༥དང་སྨན་པ་འབུམ་རམས་པ་རྒན་གཞོན་༤༤ཞོར་གཏོགས་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་སོའོ་༣བོད་སྨན་བཟོ་གྲྭ་༣བཅས་ཡོད་པས་དེ་ནི་དགེ་རྒན་གྱིས་དགེ་ཕྲུག་ཁྲིད་དེ་ནད་གཞིར་སྨན་བཅོས་དང་ཚན་རིག་ཞིབ་འཇུག སྨན་སྦྱོར་བྱེད་པ་བཅས་སློབ་ཁྲིད་དངོས་སྦྱོང་བྱེད་ཡུལ་བློ་དང་མཐུན་པ་ཞིག་རེད། སློབ་གྲྭ་ཡོངས་སུ་ད་ཡོད་དགེ་རྒན་དང་ལས་བཟོ་༡༤༠དང་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་༣༠༦ཡོད་པའི་ནང་ནས་ལོ་ལྔའི་ལམ་ལུགས་ཀྱི་སློབ་ཆེན་དངོས་གཞིའི་ཚན་ཁག་གི་སློབ་མ་༡༩༡དང་ལོ་གསུམ་ལམ་ལུགས་ཀྱི་སློབ་ཆེན་ཆེད་ལས་ཚན་ཁག་གི་སློབ་མ་༣༣ལོ་བཞི་ལམ་ལུགས་ཀྱི་འབྲིང་རིམ་ཆེད་ལས་སློབ་མ་༨༢བཅས་ཡོད། བོད་ལ་སློབ་མ་༢༦༩གསོ་སྐྱོང་བྱེད་བཞིན་ཡོད་པ་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན། ཤིན་ཅང་བཅས་ཞིང་ཆེན་(ས་ཁུལ་)ལ་སློབ་མ་༣༦གསོ་སྐྱོང་བྱེད་རོགས་བྱས་པ་མ་ཟད་ད་དུང་རྒྱལ་ཁོངས་སུས་སི་ནས་ཡིན་པའི་ཟབ་སྦྱོང་སློབ་མ་ཞིག་ཀྱང་ཡོད་ཅིང་སློབ་མ་དེ་དག་གི་ཁྲོད་ནས་བརྒྱ་ཆའི༩༦རྒྱལ་ཁབ་འཆར་གཞིའི་ཁོངས་ནས་བསྡུས་ཏེ་སློབ་གྲྭར་ཡོང་བ་ལས་དེ་འཕྲོས་འཆར་གཞིའི་ཁོངས་སུ་མེད་པའི་འགྲོ་གྲོན་རང་གྲབས་བྱེད་མཁན་ཤ་སྟག་རེད།

༡༩༨༩ལོའི་ཟླ་༩ནས་༡༩༩༤ལོའི་ལོ་མཇུག་བར་བོད་ལུགས་གསོ་རིག་སློབ་ཆེན་གྱིས་སྔ་རྗེས་སུ་གཉེར་བའི་ཆེད་ལས་འདི་དག་ཡོད་པ་སྟེ། སློབ་ཆེན་དངོས་གཞིའི་ཚན་ཁག་འཛིན་གྲྭ་དང་སློབ་ཆེན་ཆེད་ལས་ཚན་ཁག་འཛིན་གྲྭ། འབྲིང་རིམ་ཆེད་ལས་སྨན་པ་བསྡུས་ར་བའི་འཛིན་གྲྭ། ནད་གཡོག་འཛིན་གྲྭ། སྨན་གཉེར་བསྡུས་ར་བའི་འཛིན་གྲྭ་སོགས་ཡོད་པ་རེད། སློབ་ཆེན་དངོས་གཞིའི་ཚན་ཁག་ལ་འཛིན་གྲྭ་དགུ་བསྡུས་(བོད་ལྗོངས་སློབ་ཆེན་བོད་ལུགས་གསོ་རིག་ཚན་ཁག་ནས་བསྒྱུར་བའི་འཛིན་གྲྭ་གསུམ་ལ་མི་༧༨ཡོད་པ་ཚུད་)པར་སློབ་ཕྲུག་༢༩༣ཡོད་ཁོངས་ནས་༡༠༧སློབ་གྲྭ་ཐོན་ཟིན། སློབ་ཆེན་ཆེད་ལས་ཚན་ཁག་ལ་འཛིན་གྲྭ་གཅིག་བསྡུས་པར་སློབ་ཕྲུག་༣༦ཡོད་ཁོངས་ནས་༣སློབ་གྲྭ་ཐོན་ཟིན། འབྲིང་རིམ་ཆེད་ལས་ལ་འཛིན་གྲྭ་༡༡(དེ་སྔའི་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ནས་བསྒྱུར་བའི་འཛིན་གྲྭ་༥ལ་མི་༡༧༨ཡོད་པ་ཚུད་)བསྡུས་པར་སློབ་ཕྲུག་༤༠༠ཡོད་ཁོངས་ནས་༡༨༨སློབ་གྲྭ་ཐོན་ཟིན། སློབ་ཐོན་སློབ་མའི་ཁོངས་ནས་མི་༡༣ཞིང་ཆེན་གཞན་གྱི་སློབ་མ་ཡིན་པས་རང་ཁོངས་སུ་ལོག་པ་ཕུད་དེ་བྱིངས་སློབ་ཕྲུག་ཡོངས་རྫོགས་བོད་ལྗོངས་རིམ་པ་ཁག་གི་སྨན་བཅོས་ཚན་པའི་ནང་ལས་བགོས་ཀྱིས་ལས་ཀ་བྱེད་བཞིན་ཡོད། ཁོ་ཚོ་སྨན་བཅོས་འཕྲོད་བསྟེན་སྡེ་ཚན་ནང་ཞུགས་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་དཔུང་ཁག་ལ་སྟོབས་ཤུགས་གསར་པ་ཁ་སྣོན་བརྒྱབ་པ་དང་ཁོ་ཚོ་མགྱོགས་མྱུར་མི་རིགས་ཀྱི་སྨན་དང་སྨན་བཅོས་ཀྱི་ལག་རྩལ་རྐང་འཛིན་པར་གྱུར་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རྗེས་ཤུལ་པ་དཀོན་པའི་གནད་དོན་ཐག་གཅོད་ཡོང་རྒྱུ་རེད།

       བོད་ལུགས་གསོ་རིག་སློབ་ཆེན་གྱིས་ཏང་ཨུད་འགོ་ཁྲིད་འོག་གི་ཡོན་ཀྲང་ལས་བགོས་འགན་འཁུར་ལམ་ལུགས་ལག་བསྟར་བྱེད་པ་དང་ད་ཡོད་ཡོན་རིམ་པའི་འགོ་ཁྲིད་༧ཡོད་ཅིང་ཡོན་ཏང་ཨུད་མི་༦ལས་གྲུབ་པ་དང་ཧྲུའུ་ཅིས་ཡོན་ཀྲང་གཞོགན་པའི་ལས་འགན་གཅིག་ལྕོགས་ཁུར་བཞིན་ཡོད། ཧྲུའུ་ཅི་གཞོན་པ་མི་༡དང་ཏང་ཨུད་ཨུ་ཡོན་མི་བཞི་(སོ་སོས་ཡོན་ཀྲང་གཞོན་པའི་འགན་ཁུར་བ་)ཡོད་པ་རེད། ཡོན་ཀྲང་གི་འགན་སྙན་གྲགས་ཆེ་བའི་བོད་རིག་པ་མཁས་ཅན་དང་བོད་ལུགས་གསོ་རིག་མཁས་ཅན་ཁྲོ་རུ་ཚེ་རྣམ་གྱིས་བཞེས་པ་དང་བོད་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི། སྙན་གྲགས་ཆེ་བའི་བོད་ལུགས་གསོ་རིག་མཁས་ཅན་བྱམས་པ་འཕྲིན་ལས་ཀྱིས་བོད་ལུགས་གསོ་རིག་སློབ་ཆེན་གྱི་མཚན་འཛིན་ཡོན་ཀྲང་གི་འགན་བཞེས་བཞིན་ཡོད་པ་རེད། སློབ་གྲྭས་སྲིད་འཛིན་དོ་དམ་དང་སློབ་ཁྲིད་སྒྲིག་གཞི་གང་ལ་གང་འཚམས་བཙུགས་ཡོད་ཅིང་སློབ་གྲྭའི་སྒྲིག་གཞི་ཁག་ལ་ལས་གནས་འགན་འཁྲི་དང་སྒྲིག་སྲོལ་ལམ་ལུགས་ཁ་གསལ་ཡོད་པ་དཔེར་ན་དགེ་རྒན་ལ་《དགེ་རྒན་གྱི་སློབ་ཁྲིད་ལས་དོན་གྱི་ཚད་གཞི་གཏན་འབེབས་》དང་《དགེ་རྒན་གྱི་དཔྱད་ཞིབ་ལམ་ལུགས་》སོགས་དང་དགེ་རྒན་གྱི་ལས་ཀའི་ལམ་ལུགས་ཀྱི་ཐད་《ཡིག་ཚད་ཀྱི་འདྲི་གཞི་དང་རྩ་འཛུགས་དོ་དམ་གྱི་ཐབས་ཤེས།》སློབ་ཕྲུག་གི་སློབ་སྦྱོང་དང་སློབ་ཕྲུག་དོ་དམ་ལམ་ལུགས་ཀྱི་ཐད་《སློབ་ཕྲུག་གི་སློབ་གྲྭའི་སྐྱིད་སྡུག་སྒྲིག་སྲོལ་ལམ་ལུགས།》《སློབ་ཕྲུག་གི་འཕྲོད་བསྟེན་སྒྲིག་ལམ་སྲོལ་ཡིག།》《བཟང་པོ་གསུམ་ལྡན་གྱི་སློབ་ཕྲུག་དང་ཕུལ་བྱུང་གི་འཛིན་གྲྭའི་ལས་བྱེད་འདེམས་ཐོན་བྱེད་པའི་ཆ་རྐྱེན་དང་ཐབས་ཤེས་》བཅས་ཡོད་པ་དང་ཚོགས་འདུའི་ལམ་ལུགས་ཐད་དུས་ཚོད་ངེས་གཏན་ཐོག་ཡོན་ཏང་ཨུད་དང་ཡོན་ཀྲང་གཞུང་ལས་ཚོགས་འདུ་འཚོག་རྒྱུ་སོགས་ཡོད་པ་མ་ཟད། མིག་སྔར་སློབ་གྲྭའི་སྒྲིག་སྲོལ་ལམ་ལུགས་ཁག་དེ་བས་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད་པ་རེད།