དབུ་ཤོག >> བོད་ཀྱི་རིག་གནས། >> སློབ་གསོ། >> སློབ་གྲྭ་ངོ་སྤྲོད།
ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-03-27 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 192

   

       ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་གཙོ་གྲས་ཉག་ཅིག་ཡིན། དེའང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛའ་བརྩེའི་ཐུགས་ཁུར་འོག་སྤྱི་ལོ་༡༩༥༠ལོའི་ཟླ་༥བའི་ཚེས་༢ཉིན་ཀྲུང་དབྱང་མི་རིགས་སློབ་གླིང་པེ་ཅིན་ནས་དངོས་སུ་དབུ་བཪྙེས། སྤྱི་ལོ་༡༩༩༣ལོའི་ཟླ་༡༡པའི་ཚེས་༣༠ཉིན་སློབ་གྲྭའི་མིང་རྗེས་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ཞེས་བཏགས། སྤྱི་ལོ་༡༩༩༩ལོའི་ཟླ་༡པོར་“༢༡༡ལས་གཞིའི”བརྟག་དཔྱད་དང་ཞིབ་བཤེར་ཐོབ་པ། འབྱོར་མེད་གྲལ་རིམ་གྱི་སྔོན་རབས་གསར་བརྗེ་པ་བོའོ་ལེན་ཕོས་སློབ་གྲྭའི་ཐོག་མའི་ཡོན་ཀྲང་གི་འགན་ཁུར་བ་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའམ་མིང་དུ་གྲགས་པའི་སྤྱི་ཚོགས་རིག་པའི་མཁས་མཆོག་ཕེའི་ཞོའོ་ཐོང་གིས་སློབ་གྲྭའི་ཡོན་ཀྲང་གཞོན་པའི་འགན་ཁུར། ལོ་ངོ་ལྔ་བཅུ་རིང་གི་འཕེལ་རྒྱས་དང་བསྟུན་སློབ་གྲྭ་འདི་སྤྱི་ཚོགས་རིག་པའི་ཞིབ་འཇུག་གཙོ་བོ་བྱས་བ་དང་མི་རིགས་རིག་པའི་ཚན་ཁག་ཁྱད་ཆོས་སུ་གྱུར་བའི་སྐད་ཡིག་རིག་པ་དང་རྩིས་རིག་པ། བཟོ་ལས་རིག་པ་དང་གསོ་བ་རིག་པ། དེ་མིན་དཔལ་འབྱོར་དོ་གཉེར་དང་སློབ་གསོ་རིག་པ། སྒྱུ་རྩལ་བཅས་ཀྱི་ཆེད་ལས་ལྡན་པའི་སྣ་འཛོམས་ཅན་གྱི་སློབ་གྲྭ་ཆེན་མོ་ཞིག་ཏུ་གྱུར་ཡོད། ད་ལྟའི་བར་རྒྱལ་ཡོངས་ཀྱི་མི་རིགས་ཁག་དང་མི་རིགས་ས་ཁུལ་ལ་ཆེད་ལས་སྣ་ཚོགས་ཀྱི་ཤེས་ལྡན་མི་སྣ་༥༠༠༠༠ལྷག་བསྐྱེད་བསྲིང་བྱས། བོད་རིག་པ་ཞིབ་འཇུག་གླིང་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་སྐད་ཡིག་ཚན་ཁག་དང་པོའི་བོད་ཀྱི་སྐད་ཡིག་སློབ་དཔྱོད་ཁང་དང་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་གཉིས་ཟླ་སྒྲིལ་བཏང་ནས་བཙུགས་པ་ཞིག་ཡིན་པ་དང་། དེ་ནི་རང་རྒྱལ་གྱི་བོད་ཀྱི་ཤེས་རིག་ཚན་ཁག་དང་པོ་དང་རྒྱལ་ནང་ལ་དེ་གཅིག་པུ་ལས་གཞན་མེད་ཅིང་། དེ་བཙུགས་པའི་ཉིན་མོ་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱིས་ཐུགས་ཁུར་ཆེ་བཞེས་དང་རྒྱལ་ཁབ་ཕྱི་ནང་ཚང་མས་མཐོང་ཆེན་གནང་གི་ཡོད། བོད་ཀྱི་སྐད་ཡིག་ཆེད་ལས་ནི་སྤྱི་ལོ་༡༩༥༡ལོར་བཙུགས་པ་དང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཆེད་ལས་ནང་ནས་འཛུགས་སྔ་ཤོས་ཤིག་ཡིན། ལོ་ངོ་བཞི་བཅུ་ལྷག་ཙམ་གྱི་ནང་སློབ་དཔོན་ཆེན་པོ་ཡུས་ཏའོ་ཆོན་དང་དུང་དཀར་བློ་བཟང་འཕྲིན་ལས་སོགས་མཁས་དབང་དམ་པ་རྣམས་ཀྱི་སྣེ་ཁྲིད་འོག བོད་རིགས་ས་ཁུལ་གྱི་ཤེས་ཡོན་མཁས་ཅན་གསོ་སྐྱོང་བྱ་རྒྱུའི་ཐད་གྲུབ་འབྲས་ཤིན་ཏུ་ཆེན་པོ་ཐོབ་ཡོད་པར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་མཁས་དབང་དུ་མའི་ཁྲོད་དུ་མཚན་སྙན་ཆེ་བའི་དགེ་རྒན་ཆེན་མོ་སྐལ་བཟང་འགྱུར་མེད་དང་། ཝང་ཡའོ། ཧུའུ་ཐན། ལི་པིང་ཆོན། ཀེང་ཡུལ་ཕུང་། ཀྲའོ་ཁང་། ཁྲེན་ཅན་སོགས་བྱུང་ཡོད། བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་ནི་སྤྱི་ལོ་༡༩༨༡ལོར་བཙུགས་པ་དང་བཅིངས་འགྲོལ་བཏང་རྗེས་རྒྱལ་ནང་དུ་བཙུགས་པའི་བོད་ཀྱི་ཤེས་རིག་ཞིབ་འཇུག་བྱེད་མཁན་ཚན་པ་སྔ་ཤོས་ཤིག་ཡིན།
       བོད་རིག་པ་ཞིབ་འཇུག་གླིང་དུ་བོད་ཀྱི་སྐད་ཡིག་རྩོམ་རིག་དང་། བོད་ཀྱི་ལོ་རྒྱུས་དཔལ་འབྱོར། བོད་ཀྱི་རིག་གནས་མཚན་ཉིད་རིག་པ་བཅས་ཀྱི་སློབ་དཔྱོད་ཁང་གསུམ། བཀའ་གྱུར་བསྟན་འགྱུར་དང་བོད་ཀྱི་ནང་བསྟན་ཆོས་ལུགས་ཞིབ་འཇུག་ཁང་། སློབ་ཁྲིད་དང་སྲིད་འཛིན་ཀྱི་གཞུང་དོན་ཁང་། དཔྱད་གཞིའི་ཡིག་རིགས་ཁང་བཅས་ཡོད། ཚན་ཁག་ནང་དགེ་རྒན་དང་ལས་བཟོ་ཁྱོན་བསྡོམས་མི་གྲངས་༢༧འཆད་ཁྲིད་དགེ་རྒན་༡༠དགེ་རྒན་ལས་རོགས་པ་༢བཅས་ཡས་ཡོད། ད་དུང་ཀྱི་སྐད་ཆེད་ལས་ཀྱི་ཁ་ཕྱོགས་ལྔ་ཡོད། བོད་རིག་པ་ཞིབ་འཇུག་གླིང་གིས་བོད་རིགས་ས་ཁུལ་གྱི་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམས་པའི་སློབ་ཁྲིད་དང་། ཞིབ་འཇུག་ཡིག་བསྒྱུར། དོ་དམ་སོགས་བྱེད་མཁན་ཤེས་ཡོན་ལྡན་པའི་མི་སྣ་གསོ་སྐྱོང་བ་རྒྱུ་དམིགས་ཡུལ་གཙོ་བོ་བྱས་ཏེ། བོད་ལྗོངས་གཙོ་བོ་བྱས་ཐོག བོད་རིགས་ས་ཁུལ་ཡོངས་ནས་སློབ་གྲྭ་བ་བསྡུ་རྒྱུ་ལག་ལེན་བསྟར་གྱི་ཡོད། སྤྱི་ལོ་༡༩༩༤ལོར་བོད་ཀྱི་ཤེས་རིག་ཆེད་ལས་དངོས་སུ་བཙུགས་པ་དང་། ལོ་དེ་རང་ལ་རྒྱལ་ཁབ་སློབ་ཨུད་ཀྱི་ཆོག་མཆན་ཐོབ་པ་ལྟར་བོད་ཀྱི་ཤེས་རིག་ཞིབ་འཇུག་སློབ་མའི་ཡོན་ཚད་ཐོབ་ཐང་གི་སྤྲོད་གནས་བཙུགས་ཡོད་ཅིང་། དངོས་གཞིའི་སློབ་མའི་རྨང་གཞིའི་སློབ་ཚན་གཙོ་བོ་དང་ཆེད་ལས་སློབ་ཚན་གཙོ་བོའི་གྲས་སུ། སུམ་རྟགས་དང་།། དེང་རབས་ཀྱི་བོད་སྐད། ཏུན་ཧོང་ནས་ཐོན་པའི་བོད་ཡིག་ཡིག་ཆ། བོད་ཡིག་རྩོམ་རིག་ལོ་རྒྱུས། གྲུབ་མཐའ། དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས། བོད་ཀྱི་ལོ་རྒྱུས་ཡིག་ཚགས་གཞུང་ཡིག བོད་ཀྱི་དཔལ་འབྱོར། བོད་ཀྱི་གནའ་རྫས་རྟོགས་ཞིབ། ནང་བསྟན་རྩ་བའི་གཞུང་ལུགས། ཚད་མ་རིག་པ། གནའ་རབས་རྒྱ་ཡིག དེང་རབས་ཀྱི་རྒྱ་སྐད། གནམ་རིག་སྐར་རྩིས། དབྱིན་སྐད་དང་རྩིས་འཁོར། བོད་ཀྱི་རིག་གནས་སྒྱུ་རྩལ་དང་། བོད་ ལྗོངས་སློབ་གསོ། ཕྱི་རྒྱལ་གྱི་བོད་ཀྱི་ཤེས་རིག་སྐོར། བོད་བརྒྱུད་ནང་བསྟན་ཆོས་ལུགས། ཡིག་བསྒྱུར། སུམ་རྟགས་སོགས་ནི་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པའི་ཁ་ཕྱོགས་ཡིན། ཕྱོགས་མཚུངས་བོད་ཀྱི་ཤེས་རིག་ལ་དགའ་ཞེན་བྱེད་མཁན་མི་རིགས་གཞན་དག་གིས་སློབ་མ་དང་། ཕྱི་རྒྱལ་གྱི་སློབ་མ། བོད་ཀྱི་ཤེས་རིག་དང་འབྲེལ་བ་ཡོད་པའི་ཟབ་སྦྱོང་སློབ་མ་རྣམས་བསྡུ་བཞིན་ཡོད།