དབུ་ཤོག >> བོད་ཀྱི་རིག་གནས། >> སློབ་གསོ། >> བོད་ཡིག་བཀོལ་སྤྱོད།
ཁུལ་བོད་ཡིག་སློབ་འབྲིང་གིས་རྩོམ་སྒྲིག་བྱས་པའི་《བོད་ཡིག་སློབ་དེབ》དངོས་སུ་སྤྱོད་འགོ་ཚུགས་པ།
རྩོམ་པ་པོ། བསོད་ནམས་ཆོས་ལྡན། དུས་ཚོད། 2013-03-28 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 89

        སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།ཉེ་ཆར།བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་བོད་སྐད་ཡིག་སློབ་ཁྲིད་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི 《བོད་ཡིག་སློབ་དེབ》 དེ་ཞིང་ཆེན་སློབ་གསོ་ཐིང་མི་རིགས་སློབ་གསོ་ཁྲུའུ་ཡིས་ཆོག་མཆན་གནང་ནས་དངོས་སུ་དཔེ་སྐྲུན་བྱས་ཤིང་ཁུལ་བོད་ཡིག་སློབ་འབྲིང་སོགས་བོད་སྐད་ཡིག་གི་སློབ་ཚན་བཀོད་སྒྲིག་བྱས་ཡོད་པའི་སློབ་གྲྭ་འབྲིང་ཆུང་འགར་སྤྱོད་བཞིན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན།སློབ་དེབ་དེ་ཁུལ་བོད་ཡིག་སློབ་འབྲིང་བོད་སྐད་ཡིག་སློབ་ཁྲིད་ཞིབ་འཇུག་ཁང་གིས་རང་ཁུལ་སློབ་གྲྭ་འབྲིང་ཆུང་གི་བོད་ཡིག་སློབ་ཁྲིད་ཀྱི་དངོས་ཡོད་དང་བོད་ཁུལ་གྱི་བོད་སྐད་ཡིག་སློབ་ཁྲིད་འཕེལ་རྒྱས་ཀྱི་མདུན་ལྗོངས་དང་ཟུང་འབྲེལ་བྱས་ནས་རྩོམ་སྒྲིག་བྱས་པའི་རང་ཁུལ་གྱི 《བོད་ཡིག་སློབ་དེབ》 དང་པོ་ཡིན་ཏེ།དེའི་དམིགས་ཡུལ་ནི་རང་ཁུལ་གྱི་བོད་ཡིག་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རྒྱལ་ཡོངས་བོད་ཁུལ་ཞིང་ལྗོངས་ལྔའི་གཅིག་གྱུར་སློབ་དེབ་སྤྱོད་མི་ཐུབ་པའི་དཀའ་གནད་དངོས་སུ་ཐག་གཅོད་བྱས་ནས་རང་ཁུལ་བོད་ཡིག་སློབ་གྲྭ་འབྲིང་ཆུང་གི་བོད་སྐད་ཡིག་སློབ་ཁྲིད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན།སློབ་དེབ་དེ་ཁག་གཉིས་སུ་བགོས་ཡོད་དེ།ཁག་དང་པོར་སྦྱོར་ཀློག་དང་ཡི་གེའི་ངོས་འཛིན་སོགས་ཀྱི་ནང་དོན་བཀོད་སྒྲིག་བྱས་ཡོད་ལ།ཁག་གཉིས་པར་རྗོད་པ་དང་རྩོམ་དང་།སུམ་རྟགས་དང་དག་ཡིག་སོགས་རྨང་གཞིའི་ཤེས་བྱ་བཀོད་སྒྲིག་བྱས་ཡོད།པར་རིས་དང་ནང་དོན་གཉིས་ཕྱུག་ཅིང་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་ནི་སློབ་དེབ་དེའི་བཀྲག་མདངས་འཚེར་གནས་ཤིག་རེད།བོད་ཡིག་སློབ་འབྲིང་གི་སློབ་ཁྲིད་འགན་འཁུར་བ་རྒན་དབྱང་ཅན་ཧྭ་ཡིས་ངོ་སྤྲོད་བྱས་ཚུལ་ལ་གཞིགས་ན། 《བོད་ཡིག་སློབ་དེབ》 དེ་བདེ་ཆེན་བོད་ཁུལ་གྱི་ལོ་རིམ་དང་པོ་ནས་ལོ་རིམ་བདུན་པའི་བར་གྱི་སློབ་མས་སྤྱོད་འོས་པ་རེད།མིག་སྔར།སློབ་གྲྭ་དེའི་དམའ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ་ 12 དང་མཐོ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ་ 8 ཀྱི་ཁྱོན་བསྡོམས་སློབ་མ་ 1000 ཡིས་སློབ་དེབ་དེ་བེད་སྤྱོད་བྱེད་ཡོད།གཞན་ཡང་།སེམས་ཀྱི་ཉི་ཟླ་རྫོང་མི་རིགས་སློབ་ཆུང་གིས་སློབ་དེབ་ 300 མངག་ཉོ་བྱས་པ་དང་།སེམས་ཀྱི་ཉི་ཟླ་རྫོང་ཧུང་ཝེ་སློབ་ཆུང་གིས་སློབ་དེབ་ 150 མངག་ཉོ་བྱས་ཡོད།ཁུལ་སློབ་གསོ་ཅུས་ཀྱིས་མཐུན་སྦྱོར་བྱས་ཏེ་སང་ལོ་ནས་བཟུང་།སློབ་དེབ་དེ་རིན་པ་མི་ལེན་པར་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ 19 ཡི་སློབ་ཆུང་དུ་བེད་སྤྱོད་བྱ་རྒྱུ་རེད།དུས་མཚུངས་སུ།ལོ་རིམ་ 8 པ་དང་ལོ་རིམ་ 9 པའི་བེད་སྤྱོད་སློབ་དེབ་དང་དེ་མིན་གྱི་བོད་ཡིག་གཞོགས་སྣོན་སློབ་དེབ་ཀྱང་རྩོམ་སྒྲིག་བྱེད་འགོ་ཚུགས་ཡོད་པ་རེད།