དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> དམངས་ཁྲོད་རྩོམ་རིག
མཛོ་མོ་དང་བེའུའི་བརྩེ་དུང་།
རྩོམ་པ་པོ། མགོན་པོ་ཚེ་རིང་། དུས་ཚོད། 2013-03-29 རྩོམ་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན། ཀློག་གྲངས། 634

        

        གནའ་སྔ་མོ་ཁྱིམ་ཚང་ཞིག་ལ་མཛོ་མོ་ཞིག་ཡོད་པ་བཙས་ཤིང་། མཛོ་མོར་སེམས་སྡུག་གི་ན་བུན་ཁོག་ལ་འཐིབས། སྐྱོ་བའི་མིག་ཆུ་དབང་མེད་དུ་ཤོར་མོད། བེའུ་ཆུང་གི་སེམས་ལ་སྤྲོ་བའི་འཛུམ་དང་བཅས་ཨ་མར་ལྟ་དུས། ཨ་མར་མིག་ཆུ་འཁོར་བཞིན་པ་མཐོང་ནས་ཁྱེད་ཅིའི་ཕྱིར་ངུ་བ་ཡིན་ཞེས་སྨྲས་པར། ཨ་མ་ན་རེ། ཉིན་ཁ་ཤས་འགོར་རྗེས་ངེད་གཉིས་ཁ་བྲལ་དགོས་ཞེས་སྐྱོ་གདུང་གི་མཆིལ་ཞགས་མིད་པ་ལས་ཐོགས་ཏེ་བཤད་མཚམས་ཆད་སོང་། བེའུ་ཆུང་གིས་ཨ་མ་ལ་ལན་འདི་ལྟར་སློག སྐྱིད་པའི་རྩ་ཐང་ཐོག་ན་རྟེའུ་དང་རེའུ། བེའུ་རྣམས་ཀྱིས་རྩེད་རྒྱུགས་བྱེད་ཞོར་ཕངས་མེད་དུ་གཙང་ཆུ་ཧུབ་འཐུང་བྱས་ཤིང་། བདག་མེད་ཀྱི་རྩ་མཆོག་རྐང་རྫིས་བྱེད་ཀྱིན་ཞིམ་མངར་གྱི་མ་འོ་ཅི་འདོད་དུ་འཐུང་དབང་ཡོད་པས། ང་རང་དེ་དང་མི་འདྲ་བར་ཅིའི་ཕྱིར་སྡུག་ཆེན་པོ་མ་བུ་གསོན་བྲལ་བྱེད་དགོས་པ་རེད་ཅེས་སྨྲས་པར། མཛོ་མོའི་ཡིད་ལ་སྡུག་བསྔལ་གྱིས་བཤད་མ་ཐུབ་པར་ཁོ་ལ་བྱམས་དང་བརྩེ་བའི་སྒོ་ནས་ལྕེ་ལྡེག་བྱེད་བཞིན་པའི་དུས་སུ། མནའ་མས་ལག་ཏུ་བཞོ་ཟོ་ཞིག་བཟུང་ནས་མཛོ་མོའི་འོ་མ་བཞོ་སྐབས། བེའུའི་སེམས་པར་བདག་ལ་མ་འོ་ཕྱེད་ཀ་དེ་བཞག་ལོས་ཡོད་སྙམ་བཞིན་བཞོན་མའི་རྒྱབ་ཏུ་བསྡད་དེ་བལྟས་ཀྱང་། བེའུས་མ་འོ་འཐུང་ཐུབ་པ་ཕར་ཞོག ཁྱིམ་བདག་ཚང་གི་གཡོག་པོ་ཐོན་ནས་བེའུས་ཨ་མར་འབོད་པའི་ངུར་སྒྲ་བར་མེད་དུ་བསྒྲགས་ཀྱང་བྱེའུ་ཆུང་ཁྲ་ཡིས་བཟུང་བ་ཇི་བཞིན་ཕྱིར་ལྟ་ཙམ་ཡང་བྱེད་དབང་མེད་པར་ཁྱེར་ཏེ་སྦྲ་ནང་དུ་འཛུལ། དེའི་སྐབས་སུ་བེའུའི་སེམས་ལ་བྲེལ་འཚུབ་ལངས་ནས་འདི་ཚང་གིས་ངའི་མ་འོ་འཐུང་མཚམས་བཅད་ནས་ཅི་བྱེད་པ་ཡིན་བསམ་དུས། གཡོག་པོས་མནའ་མ་ལ་གྲི་གང་ན་ཡོད། རྣོན་པོ་ཞིག་མ་བརྡར་ན་མི་ཆོད་ཟེར་བཞིན་གྲི་སྤུ་གྲི་ལྟར་བརྡར། སྐབས་དེར་བེའུའི་སེམས་པ་སྡུག་བསྔལ་གྱིས་རབ་ཏུ་མནར་ནས་རེ་ཞིག་ལ་ཉི་མ་ཡང་དམར་པོར་གྱུར་སོང་བའི་སྣང་བ་སྐྱེས་ཤིང་། ཨ་མས་བཤད་པ་དེ་ནི་ལོས་བདེན། ངེད་གཉིས་ཁ་བྲལ་བའི་དུས་ནི་ད་ལྟ་སླེབས་སོང་། དངོས་འབྲེལ་འཇིག་རྟེན་མི་ནི་ཚེ་འདི་ཕྱི་མི་ཤེས་རི་སྐྱེས་གཅན་གཟན་ལྟ་བུ་དང་། ལས་རྒྱུ་འབྲས་མི་བརྩི་གདུག་ཅན་ཆུ་སྲིན་ལྟ་བུ་ཞིག་རེད་བསམ་ནས། མིག་ཆུ་དབང་མེད་དུ་འཁོར་ཀྱང་བློ་ཐབས་གང་ཡང་མ་བྱུང་། མཛོ་མོས་ཉིན་རེ་བཞིན་ཁྱིམ་ཚང་དེའི་སྦྲ་ལ་སྐོར་བ་ཐེངས་བདུན་བརྒྱད་ཙམ་རེ་བྱེད་ཀྱང་། རང་སེམས་སུ་གཅེས་པའི་བེའུ་དེ་གཏན་ནས་མ་རྙེད་པར་ལོ་རེར་བེའུ་བཙས་ཐེངས་རེར་སྡུག་བསྔལ་དང་ཡིད་སྤོན་གྱི་མཚོ་མོར་ཞུགས་ནས་འགྲོ་བ་ཡོངས་ལ་རང་ཉིད་ཀྱི་ལུས་བཅུད་མཆོག་མ་སྟེར། །