དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> དམངས་ཁྲོད་རྩོམ་རིག
ཨ་ཁུ་སྟོན་པས་སྟར་སྡོང་བཅད་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2013-03-29 རྩོམ་ཁུངས། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན། ཀློག་གྲངས། 147

      

        སྔོན་གྱི་དུས་སུ་ཨ་ཁུ་སྟོན་པར་ཁྱིམ་མཚེས་དུད་ཚང་ཕྱུག་པོ་ཞིག་ཡོད།ནོར་བདག་གིས་ཨ་ཁུའི་སྡོད་ཁང་གི་སྒེའུ་ཁུང་འོག་ཏུ་སྟར་སྡོང་ཞིག་བཙུགས།ལོ་ལྟར་དབྱར་ཁ་སླེབས་སྐབས་སྟར་སྡོང་གི་ལོ་མ་ཡོངས་སུ་རྒྱས་ཏེ།ཨ་ཁུའི་ཁང་པའི་དཀར་གསལ་བསྒྲིབས་ནས་ཉིན་མོ་ཡང་སྒྲོན་མེ་སྤར་དགོས་པའི་གནས་སུ་གྱུར།
        ཨ་ཁུ་སྟོན་པའི་སེམས་ལ་གནའ་བོའི་གཏམ་དཔེར།ངན་པར་ངན་ལན་མ་བསློག་ན།བརྙས་བཅོས་བྱེད་མཁན་མང་དུ་འགྲོ་ཞེས་པ་དེ་དྲན་ནས་ཇུས་ཤིག་བྱ་དགོས་སྙམ།ཨ་ཁུས་ཉིན་ཞིག་ཤིང་རིང་བོ་ཞིག་ཕྲག་ཏུ་འཁུར་ནས་ནོར་བདག་དུད་ཚང་དེའི་སྒོ་འགྲམ་བརྒྱུད་དེ་ཕྱོགས་སུ་ཐོན་ཁུལ་བྱས།དེ་ནོར་བདག་གིས་མཐོང་ནས་ཨ་ཁུ་སྟོན་པར།ཁྱོན་ཤིང་ཕྲག་ཏུ་འཁུར་ནས་གང་དུ་འགྲོ་རྩིས་ཡོད་དམ་ཞེས་དྲིས་པར།ཨ་ཁུ་སྟོན་པའི་ཧ་ལས་པའི་རྣམ་འགྱུར་གྱི་ཐོག་ནས་ཁྱེད་ཀྱིས་ད་དུང་མཁྱེན་མ་བྱུང་ངམ།དེ་རིང་ལྷ་ས་ནས་ཤིང་ཉོ་མཁན་ཚོང་བ་འབྱོར་ནས་སྟར་ཤིང་འདོམ་གང་རེར་ཊམ་རྡོ་བརྒྱ་རེ་སྤྲོད་ཀྱི་འདུག ཁྱེད་ཀྱི་སྟར་སྡོད་དེ་བཙོང་ན་མ་མཐའ་ཡང་དངུལ་ཤ་རྐྱལ་གང་རག་ངེས་རེད།ཡིན་ན་ཡང་མགྱོགས་ཙམ་མ་ཕེབས་ན་ཚོང་བ་འགྲོ་གྲབས་འདུག་ཅེས་ལན་བཏབ།ནོར་བདག་གི་བསམ་པར་ངའི་སྟར་སྡོང་འདི་ནི་སྦོམ་ལ་རིང་བས་རིན་གོང་ཆེན་པོ་རག་རྒྱུ་ཉག་གཅིག་རེད་སྙམ་སྟེ་མྱུར་བར་སྟར་སྡོང་བཅད་ནས་འཚོང་བར་བསྐྱོད། ནོར་བདག་གྲོང་གི་ཚོར་རར་སླེབས་དུས།ཤིང་ཉོ་མཁན་གྱི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་སྟབས།ཤིང་དེ་བུད་ཤིང་དུ་བཙོངས་རྒྱུ་འཁེལ་བས་ཁོ་ཁོང་ཁྲོ་ཚད་མེད་ལངས་བཞིན་ཁྱིམ་དུ་ལོག
     དེའི་ཕྱི་ཉིན་ནོར་བདག་དང་ཨ་ཁུ་སྟོན་པ་འཕྲད་དུས་ཁྲོ་བའི་རྣམ་འགྱུར་དང་བཅས།ཁྱོད་ཀྱིས་ང་ལ་མགོ་སྐོར་བཏང་འདུག གྲོང་ནང་དུ་ཤིང་ཉོ་མཁན་གཅིག་ཀྱང་མི་འདུག་ཅེས་བཤད།ཨ་ཁུ་སྟོན་པས།ཉམ་ཆུང་བདག་གིས་ཁྱེད་ལ་མགོ་སྐོར་གཏོང་ག་ལ་ཕོད།མགྱོགས་ཙམ་མ་ཕེབས་ན་ཚོང་བ་འགྲོ་གྲབས་འདུག་ཅེས་ཞུས་མ་བྱུང་ངམ།ཁྱེད་རང་འཕྱི་དྲགས་པའི་རྐྱེན་གྱིས་རེད་ཅེས་བཤད་པས།ནོར་བདག་གིས་ཅི་ཡིན་འདི་ཡིན་མེད་པར་གདོང་ཚ་ཤུར་ཤུར་དུ་པགས་པ་བཞུད་གྲབས་བྱས།དེ་ནས་བཟུང་ཨ་ཁུ་སྟོན་པའི་ཁང་བ་དེ་ཉི་མ་དྲོད་པོ་དང་དཀར་ཆ་ཡང་གསལ་བོ་ཞིག་ཏུ་གྱུར་ཏོ།།