དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> དམངས་ཁྲོད་རྩོམ་རིག
གཏམ་དཔེ་ཚིག་གི་སྙིང་བཅུད།
རྩོམ་པ་པོ། མི་གསལ། དུས་ཚོད། 2013-03-29 རྩོམ་ཁུངས། མི་དམངས་དྲ་བ་ལས་དྲངས། ཀློག་གྲངས། 310

ཀ་རྡོ་བཞིན་དུ་བརྟན་དགོས།ཀ་བ་བཞིན་དུ་དྲང་དགོས།
དཀར་ནག་གི་དབྱེ་བ་འབྱེད་དགོས།ཐག་ནག་གི་མདུད་པ་འགྲོལ་དགོས།
དཀར་པོ་བཏབ་སར་དཀར་པོ་ཡོང་།ནག་པོ་བཏབ་སར་ནག་པོ་ཡོང་།
བཀའ་ཡོ་བསྲང་ཐིག་ཤིང་བསྲང་འདྲ།ལས་བདེན་རྫུན་སྨྱུག་མ་གས་འདྲ།
སྐྱ་རེངས་ནམ་མཁའི་སྒོ་འབྱེད་ལ།སྤར་མོས་ཁེབས་པ་ལར་ནས་མེད།
མཚོ་སྔོན་མཐོ་པོའི་རི་ལ།ཅི་ཡོད་བསུས་རྒྱུ་ལར་ནས་མེད།
སྐྱིད་ན་ནམ་མཁའི་བྱ་ཡང་འཁོར།སྡུག་ན་རང་གི་བུ་ཡང་འབྲོ།
ཁ་རྗེས་ལག་པས་མི་གཙེབས།གནམ་མཐའ་སྤྲིན་གྱིས་མི་ཁེབས།
ཁས་ལེན་རང་གིས་བྱས་པ་དེ།སངས་རྒྱས་ཡིན་ཀྱང་འབྲོ་ཐབས་མེད།
ཁོག་པ་གཤགས་རུང་དུང་དཀར།ཁྲག་རྩ་བཅད་རུང་འོ་མ།
འཁོར་མེད་ཉི་མ་སྤྲིན་བྲལ།སྡང་མེད་དགྲ་བོ་སྤུན་འདྲ།
ཁྱི་ཉལ་མའི་མགོར་རྡོ་བརྒྱབ།མི་གཉོམ་ཆུང་མགོར་གྱོད་བཞག
ཁྱོད་རྒྱ་རྫོང་ནག་གི་ཤིང་དྲང་ན།ང་ཤིང་བཟོ་རྒན་པོའི་ཐིག་ལོས་དྲང་།
མི་གཤིས་ངན་པ་བསྒྱུར་རྒྱུ་མེད།གོར་མོ་རྡོ་ལ་སྦང་རྒྱུ་མེད།
མི་ཉམ་ཆུང་སྟེང་ལ་མཉམ་སྡང་།གད་དམའ་བོའི་སྟེང་ལ་ཆུ་འབབ།
མི་ངན་གཡོ་ཆེ་ན་སྐྱག་པ་ཁྱིམ་ལ་གཏོང་།ཁྱི་ངན་འདྲིས་ཆེ་ན་བདག་པོའི་འགྲམ་རྩ་ལྡག
མི་ངན་ཁ་ནས་གཏམ་ངན།བ་གླང་རྐུབ་ནས་རྙང་པ།
མི་ངན་སེམས་རྩ་དཀར་རྒྱུ་མེད།ཡུལ་ངན་གནམ་ངོ་དྭངས་རྒྱུ་མེད།
མི་ལ་རྟོག་དཔྱོད་མེད་ན་ཁྱི་རྒན་ཡིན།རྟ་ལ་གོམ་འགྲོས་མེད་ན་བོང་བུ་ཡིན།
མི་ཆེན་བསམ་རྒྱུ་རང་ཆུས།མི་ངན་བསམ་རྒྱུ་རང་ཕོར།
མི་མང་ཁ་དེ་ཐན།མི་མང་ལག་དེ་གསེར།
དཀའ་བའི་ལས་ཤིག་མ་ལས་ན།སླ་བའི་ཟས་ཤིག་རག་མི་ཐུབ།
དཀར་ཡོལ་བཅག་ན་བཙེམ་ཚུལ་ཡོད།སྒོང་ང་བཅག་ན་སྦྱོར་ཚུལ་མེད།
རྐུན་མར་དཔའ་དར་མ་སྟེར།སྤྱང་གུ་ཚེ་དར་མ་སྟེར།
སྐད་ཆ་ཁ་ནས་ཐོགས་ནི་མེད།ཡིག་ཁྱེར་བཙོན་ལ་བཟུང་ནི་མེད།
སྐམ་པོ་རྡབས་ལོག་བྱེད་ན་ཆག་འགྲོ།རློན་པ་གཅུས་ལོག་བྱས་ན་ཆད་འགྲོ།
སྐྱེ་ཡག་བུ་མོའི་ཚེ་རོགས་དེ།བསམ་མི་མང་ཡང་བློ་མི་དཀོན།
སྐྱིད་འོད་འཁོར་བའི་སོ་ནམ་དེ།སྒྲུབ་མི་མང་ཡང་ཐོབ་མི་དཀོན།
སྐམ་པོ་ཤིང་དང་དམར་པོ་མེ།སྔོན་མོ་ཆུ་དང་རྣམ་གསུམ་པོས།
གཅིག་གནོད་གཅིག་ལ་སྐྱལ་བ་དེ།དག་གཤེད་སྲིད་པའི་བསྐོས་ཐང་རེད།
མི་རེ་རེའི་སེམས་ན་ཕུགས་བསམ་རེ་ཡོད་དགོས།ཞིང་ཆུ་མ་རེ་ན་རྐ་རེ་ཡོད་དགོས།
བློ་རྩེ་གཉིས་ཀྱིས་འདོད་དོན་འགྲུབ་ལེ་མིན།ཁབ་རྩེ་གཉིས་ཀྱིས་འཚེམ་བུ་ཡོང་ས་མེད།
ལོ་གཅིག་སྟོན་ཐོག་ཉེས་ཀྱང་ཉེས་པ་མིན།གཏན་གྱི་འདུན་མ་ཉེས་ན་ཉེས་པ་ཡིན།

སྐྱེས་ཕོ་རབས་གཅིག་ལ་བསམ་པ་ཞིག རྟ་བྱང་མ་གཅིག་ལ་རྒྱག་ལུགས་ཤིག
དགུང་ཨ་སྔོན་མཐོ་རུང་འཕུར་ཐུབ་དགོས།ས་དོག་མོ་ཡིན་རུང་འཛུལ་ཐོབ་དགོས།
སྒང་མཐོ་སར་བུད་ནས་ཐང་ཆེ་སར་ལྟོས།སེམས་དྲང་པོ་བཟུང་ནས་དོན་ཆེན་པོ་སྒྲུབས།
འཆར་སྒོ་ཟབ་ཀྱང་བློ་སྣ་མང་དྲགས་ན།མཇུག་མ་སྣེ་གཅིག་མི་ཟིན་ཐམས་ཅད་ཤོར།
གོས་ཡག་ན་ཁྲོམ་ཆེན་དཀྱིལ་དུ་ངོམས།བུ་བཟང་ན་རྒྱལ་ཁམས་བདེ་ལ་བཀོད།
ཕོ་བཟང་པོས་བསམ་པ་ཡར་སེམས་བཅངས།མོ་བཟང་མོས་སྐུད་པ་ཡར་འཁེལ་བྱས།
ཉི་མ་བརྒྱ་ཤར་ལག་པས་མི་ཁེབས།སྐྱེས་མཆོག་ཕུགས་བསམ་གནམ་གྱིས་མི་ཁེབས།
བླ་མས་དགོངས་ན་བྱིན་གྱིས་རློབས།ཕ་མས་མཁྱེན་ན་སྡོངས་གྲོགས་མཛོད།
མི་ཤེས་ན་རྒན་ལ་དྲིས།མི་རིག་ན་སྒང་ལ་བུད།
མིའི་སྐས་རིས་ཉམས་ན་ལ་རྒྱ་ཤོར།རྟའི་ཤ་ཤེས་ལྷུང་ན་བང་རྩལ་ཤོར།
མི་གོ་བ་ཅན་ལ་ཚིག་གཅིག རྟ་གོམ་པ་ཅན་ལ་ལྕག་གཅིག
མེ་ཏོག་སེར་ཆེན་སྤང་གི་རྒྱན།ཡ་མཚན་གཏམ་དཔེ་མི་ཡི་རྒྱན།
མིའི་ངོ་ཐང་ཆེ་ནོ་རྒྱུ་རེད།རྒྱུ་རིན་ཐང་ཆེ་ནོ་གསེར་རེད།
མི་ངན་ན་ཕུ་ནུའི་གཏམ་མི་གོ རྟ་ངན་ན་རོགས་པའི་རྗེས་མི་ཆོད།
མི་དཔའ་བོའི་མིང་གི་དགྲ་བ་བཅོས།རྟ་མགྱོགས་པོའི་བང་གིས་ཝ་མོ་འདུལ།
མི་ངན་འདུས་ན་བཀོད་ཐབས་མང་།བུད་ཤིང་མང་ན་མེ་ལྕེ་མཐོ་
མི་རིག་རིག་གི་ཁ་ལ་མ་རྒྱུགས།རྟ་རིག་རིག་གི་འཕོངས་ལ་མ་ཞོན།
མི་གཞོན་པའི་སྟོབས་ཤུགས་ལས།རྒན་བགྲས་པའི་ཇུས་ཐབས་བཟང་།
མི་ལོ་ལོན་གྱི་སྐད་ལ་ཉན་རྒྱུ་ཡོད།ཟོག་ལོ་ལོན་གྱི་ཤ་ལ་བལྡད་རྒྱུ་ཡོད།