དབུ་ཤོག >> བོད་ཀྱི་རིག་གནས། >> སློབ་གསོ། >> སློབ་གསོའི་རིགས་གཞུང་།
དགེ་སློབ་བར་གྱི་འཆམ་མཐུན་འབྲེལ་བ་ཇི་ལྟར་སྤེལ་ཚུལ་གླེང་བ།
རྩོམ་པ་པོ། བཀྲ་ཤིས་དོན་གྲུབ། དུས་ཚོད། 2013-03-29 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 172

        ཇི་སྐད་དུ “བླ་མ་མེད་པའི་གོང་རོལ་ཏུ།།སངས་རྒྱས་བྱ་བའི་མིང་ཡང་མེད།།བསྐལ་བ་སྟོང་གི་སངས་རྒྱས་ཀྱང་།།བླ་མ་དག་ལ་བརྟེན་ནས་བྱུང་།།” ཞེས་པ་བཞིན་ང་ཚོའི་མི་སུ་དང་གང་ཞིག་ཡིན་རུང་བླ་མའམ་དགེ་རྒན་ལ་མ་བསྟེན་པར་རང་ཐད་ནས་འཚར་ལོངས་བྱུང་བ་སུ་ཡང་མེད་པས།ངས་འདི་ནས་དགེ་སློབ་གཉིས་བར་ལ་འཆམ་མཐུན་གྱི་འབྲེལ་བ་ཇི་ལྟར་འཛུགས་པའི་ཐད་ཕྱོགས་འགའ་ནས་བརྗོད་རྒྱུ་ཡིན།
        གཅིག དགེ་སློབ་ཕན་ཚུན་འདྲ་མཉམ་དང་ལྷན་དུ་སློབ་སྦྱོང་ལ་ཞུགས་པ་རྒྱུན་འཁྱོངས་བྱ་དགོས།
        ང་ཚོས་རྒྱུན་ཆད་མེད་པར་སློབ་གསོ་གསར་བའི་འདུ་ཤེས་ལ་རྒྱུས་ལོན་བྱས་ཏེ་དུས་རབས་ཀྱི་འགྲོས་དང་བསྟུན་པར་བྱས་ན་ད་གཟོད་དགེ་སློབ་བར་ལ་འཆམ་མཐུན་གྱི་འབྲེལ་བ་ཞིག་འཛུགས་ཐུབ།ཀྲུང་གོའི་སྲོལ་རྒྱུན་གྱི་ཁྲིད་སྟངས་སུ་དགེ་སློབ་བར་གྱི་འབྲེལ་བ་ནི་འདྲ་མཉམ་མིན། སྐུ་དྲག་གམ་གཉེན་ཉེ། རྒྱལ་སྲས་གང་ཞིག་ཡིན་རུང་དགེ་རྒན་གྱིས་བཤད་པ་ལྟར་བསྒྲུབ་དགོས། སློབ་མས་དེ་ལྟར་མ་བྱས་ན་དགེ་རྒན་གྱིས་སློབ་མར་སྐྱོན་བརྗོད་བྱས་ཆོག་ལ། སློབ་མས་དགེ་རྒན་གྱིས་མཛུབ་མོ་གར་སྟོན་ཤར་དུ་འདོད་པ་ལས།དེ་ལ་རང་དབང་གིས་བསམ་བློ་གཏོང་བའི་དབང་ཆ་རྩ་བ་ནས་མེད་པའི་ཁོར་ཡུག་འདི་ལྟ་བུ་ཞིག་གི་ནང་དུ་སློབ་མའི་སེམས་ལ་དགེ་རྒན་ནི་ཅི་འདྲའི་འཇིགས་སྐུལ་ཅན་ཞིག་ཡིན་པའི་སྣང་བ་དེ་ལྡོག་ཐབས་ག་ལ་ཡོད།       དེང་དུས་ཀྱི་དགེ་རྒན་གང་མང་ཞིག་ལ་སྲོལ་རྒྱུན་གྱི་བག་ཆགས་ཐེབས་པ་ཤུགས་དྲག་པས་ཁྲིད་སྟངས་ལ་སྲོལ་རྒྱུན་གྱི་ཐབས་གང་མང་ཞིག་མཆིས། དཔེར་ན།དགེ་རྒན་གྱི་རང་མཐོ་རང་ཆེའི་ལྟ་སྟངས་བཟུང་ནས་སློབ་མར་མཛུབ་ཁྲིད་བྱེད་པ་ནི་སློབ་མའི་སློབ་སྦྱོང་ལ་ལམ་སྟོན་དང་རམ་འདེགས་བྱེད་པའི་ཐབས་ལམ་ཞིག་ཡིན་མོད།འོན་ཀྱང་ང་ཚོས་ཤེས་དགོས་པ་ནི་གནའ་དེང་གཉིས་ནི་དུས་རབས་མི་གཅིག་པས་ཁྲིད་སྟངས་ལ་སྙིགས་དོར་བཅུད་ལེན་གྱིས་དུས་རབས་ཀྱི་འགྲོས་དང་བསྟུན་པའི་སྔོན་ཐོན་གྱི་སློབ་ཁྲིད་བྱེད་སྟངས་ལྷུར་ལེན་བྱ་དགོས། ཡང་དགེ་རྒན་རེ་འགས་དེང་དུས་ཀྱི་སློབ་མ་སྐྱོང་དཀའ་བར་འདོད་པ་སྟེ་རྒྱུན་པར་སློབ་མས་དགེ་རྒན་ལ་དོགས་འདྲི་བྱེད་པ་དང་།སློབ་མ་རང་གི་ལྟ་ཚུལ་གསོང་བོར་སྨྲ་བ་ནི་དོན་དངོས་ཐོག་སློབ་མས་རང་རྐྱ་འཕེར་བའི་བསམ་བློ་གཏོང་བ་དང་།དགེ་སློབ་ཕན་ཚུན་འདྲ་མཉམ་གྱིས་སློབ་ཁྲིད་ལ་འཇུག་པའི་ཐོག་མའི་རྣམ་པ་ཞིག་ཡིན། དེའི་ཕྱིར་དགེ་སློབ་བར་ལ་འཆམ་མཐུན་གྱི་འབྲེལ་བ་ཞིག་འཛུགས་དགོས་ན་ངེས་པར་དགེ་སློབ་འདྲ་མཉམ་དང་ལྷན་དུ་སློབ་སྦྱོང་ལ་ཞུགས་པ་རྒྱུན་འཁྱོངས་བྱ་དགོས།
        གཉིས་པ། དགེ་རྒན་གྱིས་དེང་སྤྱོད་ཀྱི་སློབ་གསོའི་ཁྲིམས་ལུགས་ངོས་ཟིན་གང་ལེགས་བྱ་དགོས།
        དེང་གི་སྤྱི་ཚོགས་ནི་ཁྲིམས་ལུགས་ལྡན་པའི་སྤྱི་ཚོགས་ཤིག་ཡིན།མི་སུ་ཡིན་རུང་རྩ་ཁྲིམས་ཀྱི་རེ་འདུན་ལྟར་བསྒྲུབ་དགོས།རྩ་ཁྲིམས་ཀྱིས་ཀྱང་དགེ་སློབ་བར་ལ་འཆམ་མཐུན་གྱི་འབྲེལ་བ་འཛུགས་པར་རམ་འདེགས་བྱེད་བཞིན་ཡོད་མོད། འོན་ཀྱང་དགེ་རྒན་མི་ཉུང་བ་ཞིག་གི་བསམ་པར་དེང་སྐབས་ཀྱི་རྩ་ཁྲིམས་ཀྱིས་སློབ་མར་ཁེ་དབང་བསྐྲུན་པ་ཧ་ཅང་མང་བས་དགེ་རྒན་དང་སློབ་གྲྭར་ཚད་བཀག་ཅུང་མང་ཟེར་བའང་ཡོད།ཕྱི་ནས་བལྟས་ན་དེ་ལྟར་ཡིན་སྲིད་མོད།ཞིབ་ཏུ་བསམ་བློ་བཏང་ན་དེ་འདྲ་ཞིག་གཏན་ནས་མ་ཡིན།དེ་ཅིའི་ཕྱིར་ཟེར་ན་རྩ་ཁྲིམས་གནས་པ་ནི་སྤྱི་ཚོགས་འདི་འཆམ་མཐུན་ངང་འཕེལ་རྒྱས་འགྲོ་བའི་གཞི་རྩའི་ཁག་ཐེག་ཡིན་ཞིང་།རྩ་ཁྲིམས་སུའང་དགེ་རྒན་ལ་བརྩི་བཀུར་དང་སློབ་མ་ལ་བདག་སྐྱོང་བྱ་དགོས་པའི་གནས་ཚུལ་བཀོད་ཡོད་དེ།ང་ཚོས་སློབ་མར་ཡོད་ཆོག་པའི་ཁེ་དབང་ངེས་པར་ཁོ་ལ་ལོངས་སྤྱོད་བྱེད་དུ་འཇུག་དགོས།དེ་ལྟར་མ་བྱས་ཚེ་མ་འོངས་པ་ན་ཁོ་ཚོས་སློབ་གྲྭ་དང་སྤྱི་ཚོགས། མཐའ་ན་རྒྱལ་ཁབ་སོགས་ལའང་ཤུགས་རྐྱེན་ངན་པ་བཟོ་སྲིད། དེར་བརྟེན་ང་ཚོའི་དགེ་རྒན་རྣམས་ཀྱིས་འབྲེལ་ཡོད་ཀྱི་སློབ་གསོའི་ཁྲིམས་ལུགས་ཐད་ཀྱི་ཤེས་བྱ་དཔྱད་ཀློག་དང་གཏིང་ཟབ་པའི་སྒོ་ནས་རིགས་སོ་སོའི་ཁྲིམས་ལུགས་ཀྱི་ནང་དོན་ལ་སློབ་སྦྱོང་བྱས་ཏེ་རྩ་ཁྲིམས་ཀྱི་དགོངས་དོན་ལྟར་སློབ་མར་སློབ་གསོ་བྱེད་པའི་ལས་འགན་ཡོངས་སུ་འགྲུབ་པར་བྱ་དགོས།
        གསུམ་པ། དགེ་རྒན་གྱི་ལྷག་བསམ་གྱིས་སློབ་མར་ཡིད་འགུགས་ཐེབས་སུ་འཇུག་པ།
        འཛིན་གྲྭའི་འཛིན་བདག་གིས་སློབ་མར་བཅངས་པའི་ཚད་མེད་ཀྱི་ལྷག་བསམ་དེས་དགེ་སློབ་དབར་གྱི་བར་ཐག་ཉེ་བར་གཏོང་ཐུབ་ལ། སློབ་མའི་དྲི་མས་མ་གོས་པའི་དྭངས་གཙང་གི་སེམས་པར་བཅིངས་པའི་རེ་བ་དེ་ཡང་གསལ་བོར་མཐོང་ཐུབ་པར་མ་ཟད།དགེ་རྒན་གྱི་ལྷག་བསམ་དང་དུང་བ་དེ་སློབ་མའི་སེམས་ནས་ནམ་ཡང་བརྗེད་ཐབས་བྲལ།དེ་བས་དགེ་རྒན་རྣམ་པས་སློབ་མ་སོ་སོ་ལ་བདག་སྐྱོང་ཡང་དག་ཅིག་བྱེད་ཐུབ་ན།སློབ་མས་དེ་བཞིན་དུ་དགེ་རྒན་ལ་བརྩི་བཀུར་ལྡབ་འགྱུར་བྱེད་ངེས།ཡང་ན་ང་ཚོས་གཟུགས་ཀྱི་ལམ་ནས་སྟོན་ཐབས་མེད་པའི་ལྷག་བསམ་དེ་སློབ་ཁྲིད་དུ་བཀོལ་ཚེ་དེ་ནི་སློབ་མའི་སློབ་སྦྱོང་གི་སྒུལ་ཤུགས་སུ་འགྱུར་ངེས་པས། དགེ་རྒན་གྱིས་སློབ་གྲོགས་ཐུན་མོང་གིས་གྲུབ་པའི་འཛིན་གྲྭ་དེ་རང་གི་ཁྱིམ་གཞིས་ལ་ངོས་འཛིན་བྱས་ཏེ། སློབ་གྲོགས་སམ་ཁོངས་མི་རེ་རེའི་འཚོ་བ་དང་སློབ་སྦྱོང་།སེམས་ཁམས་བདེ་ཐང་སོགས་ལ་སེམས་ཁུར་བྱ་དགོས།དགེ་རྒན་རེ་འགས་འཛིན་གྲྭ་ལ་རང་གི་འདོད་པ་བཞིན་བདག་སྐྱོང་བྱེད་ཐུབ་པས་ཅུང་བཟང་ལ།དེ་ལ་སྐྱོན་ཆ་ཡང་ཧ་ཅང་མང་།དེ་ཅི་ཡིན་ཞེ་ན་ང་ཚོའི་ཁ་གཏད་ས་ནི་སེམས་ཁམས་ཡོད་ལ་དབུགས་ཁ་ལྷོག་ལྷོག་ཏུ་གཏོང་བཞིན་པའི་བྱིས་པ་དག་རེད། དེ་རྣམས་རྒྱང་བསྒྱུར་གྱིས་ཁ་ལོ་བསྒྱུར་བ་ལྟར་རང་གི་འདོད་པ་བཞིན་བདག་སྐྱོང་བྱེད་ཐུབ་བམ། སྐབས་འགར་དེ་ལྟར་བྱེད་ཐུབ་ཀྱང་གནས་ལུགས་ཀྱི་སྟེང་ནས་བརྗོད་ན་དེ་ལྟར་བྱེད་ཐུབ་ཀྱིན་མེད།
        དེའི་ཕྱིར་ང་ཚོ་ངེས་པར་སློབ་མའི་སློབ་གསེང་ལ་ཞུགས་ཏེ་སློབ་མས་རློམ་ཆོག་པའི་གྲོགས་པོ་རུ་འགྱུར་དུ་འཇུག་དགོས། དཔེར་ན། ཕན་ཚུན་ལ་ལབ་གླེང་བྱས་པ་བརྒྱུད་ནས་ཁོ་ཚོའི་མོས་ཕྱོགས་དང་དངོས་ཡོད་ཀྱི་དཀའ་ཁག་ལ་རྒྱུས་ལོན་བྱེད་པ་དང་། དེ་རྣམས་ཐག་གཅོད་རོགས་བྱ་དགོས། དགེ་རྒན་གྱིས་སློབ་མར་གྲོགས་པོ་བསྒྲིགས་པ་དེ་ནི་དགེ་རྒན་གྱིས་སློབ་མར་ནན་སྐུལ་གྱི་བྱེད་སྟངས་བཅོས་བསྒྱུར་བྱས་ནས།དགེ་རྒན་དེ་སློབ་མ་ལ་འགྲོགས་བདེ་གཤིབ་བདེ་རུ་སོང་ནས་དགེ་སློབ་བར་གྱི་འབྲེལ་བ་སྔར་ལས་ལྷག་པར་ཐག་ཇེ་ཉེ་རུ་འགྱུར་བར་མ་ཟད།སློབ་མའི་སེམས་ལ་ཁོ་ཚོར་དགེ་རྒན་ཆེས་མཁོ་དུས་དགེ་རྒན་དེར་ཐོན་ཡོད་སྙམ་པའི་ཚོར་བ་སྟེར་དགོས། ད་དུང་དགེ་རྒན་གྱིས་དུས་རྒྱུན་སློབ་མ་སོ་སོར་ལབ་གླེང་བྱེད་པ་དང་།སློབ་མའི་ཕུང་བོ་མི་བདེ་བ་དང་དཀའ་ཁག་སོགས་ཡོད་ན་སློབ་མའི་ཁྱིམ་བདག་ལ་ཁ་པར་གྱི་ལམ་ནས་སློབ་མའི་གནས་ཚུལ་ཡར་ཞུ་བྱས་ནས། སློབ་མའི་དཀའ་ཁག་དུས་ལྟར་སེལ་དགོས། ད་དུང་འཛིན་གྲྭའི་སློབ་མ་རྣམས་སློབ་གྲྭའི་བྱ་འགུལ་གྱི་འགྲན་སྡུར་ནང་དུ་ཞུགས་ན་དགེ་རྒན་གྱིས་སྙིང་ཉེ་ཉེ་ཡིས་དེ་ལ་རམ་འདེགས་བྱེད་པ་དང་། ཕྱོགས་ལྷུང་མེད་པའི་སྒོ་ནས་བསྔགས་བརྗོད་བྱ་དགོས་ལ།སློབ་མ་རྗེས་ལུས་ཅན་ལ་དམའ་འབེབས་གཏན་ནས་བྱ་མི་རུང་བར་མ་ཟད།དེ་ལས་ལྷག་པའི་བདག་སྐྱོང་བྱ་དགོས། རྒྱུན་དུ་ཁོ་ཚོ་ཅི་འདྲའི་བཟང་ཚུལ་དང་། ཅི་འདྲའི་ཡར་ཐོན་བྱུང་ཡོད་ཚུལ་སོགས་བརྗོད་ནས། ཚིག་དེ་སློབ་མ་རྗེས་ལུས་ཅན་གྱི་སློབ་སྦྱོང་གི་སྒུལ་ཤུགས་སུ་འགྱུར་བར་བྱ་དགོས། མདོར་ན་དགེ་རྒན་གྱིས་ཚད་མཐོན་པོའི་སྒོ་ནས་ཐུགས་ཁུར་དང་སུན་སྣང་མེད་པར་ཡུན་རིང་དུ་སློབ་མར་རོགས་སྐྱོར་བྱེད་པ་དང་། སློབ་གསོ་བཏང་ན་དགེ་རྒན་ནི་སློབ་མས་རློམ་ཆོག་པའི་གྲོགས་པོར་གྱུར་ཏེ་སློབ་མའི་ཡིད་སེམས་འགུགས་ནུས་སོ།།