དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> དེང་རབས་རྩོམ་རིག
བདུད་བརྩི་ཆང་ལས་བྱུང་བའི་བསམ་གཞིག
རྩོམ་པ་པོ། གླིང་བུ་ཚེ་རིང་དོན་གྲུབ། དུས་ཚོད། 2013-04-09 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 242

   ང་ནི་རྒྱུན་པར་ལྕགས་རྟ་ཞོན་ནས་གཞུང་ལས་ཁང་དུ་འགྲོ་རྒྱུ་དགའ་ཞིང་།  དེས་གཅིག་ནས་ལུས་པོར་སྦྱོང་བརྡར་བྱེད་ཐུབ་པ་དང་།   གཉིས་ནས་གླ་གཏོང་རླངས་འཁོར་བསྡད་ན་སྒོར་བཅུ་སྟེར་དགོས་པའི་རིན་པ་དེའང་གྲོན་ཆུང་བྱེད་ཐུབ་པས་ཡིན།    ལྕགས་རྟ་བྱོན་ནས་ལམ་མདོའི་བར་སྐེད་ལ་བརྒྱུད་དུས་མིག་གིས་ལྟ་ཕྱོགས་ཤིག་ལས་བོད་ཁྱིམ་ནས་ཆང་བཟོ་གྲྭ་ཞིག་ཡོད་པ་དེ་མཐོང་བ་དང་།   ཕལ་ཆེར་གཟའ་འཁོར་གཅིག་རེའི་ནང་ཚོང་སྐྱེལ་རླངས་འཁོར་ཆེན་པོ་ཞིག་གིས་ནས་ཆང་བཟོ་གྲྭ་དེའི་བགྲངས་དཀའ་བའི་ནས་ཆང་གི་སྒམ་མང་བོ་འཁོར་སྒམ་ནང་རྩིག་ནས་ས་ཆ་ག་གེ་མོ་ཞིག་ལ་བསྐྱལ་བཞིན་འདུག་ལ།  དེ་རིང་ཡང་སྔར་མུས་བཞིན་དེ་ལྟར་རྩིག་བཞིན་པ་མཐོང་བྱུང་།     ཨ་ཡ་མཚར།   འདི་འདྲའི་ཆང་མང་བོ་ཞིག་སུ་ཞིག་གིས་འཐུང་བ་ཡིན་ནམ།    ཆང་ཟེར་བའི་ཐ་སྙད་འདིས་ངའི་སེམས་ལ་དྲི་བ་སྐྱོ་བོ་གང་མང་ཞིག་བཏོན་པ་དང་།   ངས་རང་ཉིད་ཀྱི་ལྟ་སྟངས་གཞིར་བཟུང་ནས་ཆང་དང་འབྲེལ་བའི་དྲན་པ་ཐར་ཐོར་ཙམ་ཡིག་ཐོག་ཏུ་ཕབ་ན་འདོད་བྱུང་།  
  མི་རེ་རེའི་སེམས་ངོ་ན་ཆང་ལ་ལྟ་སྟངས་མི་འདྲ་བ་མང་བོ་ཡོད་སྲིད།  ཆང་ནི་དགའ་ཞིག་ཡིན་ནམ་ངན་ཞིག་ཡིན།   ཡང་ན་བདུད་བརྩི་སྟེ་ན་ཚ་འཇོམས་བྱེད་ཀྱི་སྨན་ཞིག་ཡིན་ནམ་ན་ཚ་བསྐྱེད་བྱེད་ཀྱི་སྨྱོ་བྱེད་དུག་རྫས་ཤིག་ཡིན།   ཆང་གིས་རང་རེའི་འཚོ་བ་ནང་དུ་བཤད་མི་ཤེས་པའི་གོ་གནས་ཡ་མཚར་ཞིག་ཟིན་འདུག   ང་ནི་ཆང་ལ་དེ་འདྲའི་ཞེན་པ་མེད་མོད།  ཡིན་ཡང་ཆང་གཏན་ནས་མི་འཐུང་བ་ག་ལ་ཡིན།   གྲོགས་པོ་འཛོམས་དུས་དང་ཡང་ན་དགའ་སྟོན་གྱི་དུས་སུ་རང་ཡང་བཟི་མྱོང་ལ།  ཆང་གིས་ལན་ཆགས་སྡུག་ལ་སྦྱར་བའང་ཐེངས་མང་ཡིན།  
  རྒྱུན་ལྡན་འཚོ་བའི་ནང་ཆང་འཐུང་མཁན་མང་ལ།   མི་འགའ་ཤས་ཀྱི་འཚོ་བ་དེ་ཆང་དང་འབྲལ་ཐབས་མེད་པར་གྱུར་འདུག    ཆང་ལ་འདི་ལྟ་བུའི་གསང་བ་ལྐོག་གྱུར་གྱི་ནུས་པ་ཞིག་ཡོད་དོན་ཅི་ཡིན་ནམ།   བརྒྱུད་ཟིན་པའི་འཚོ་བའི་ཁྲོད་ཀྱི་དོན་དག་སྣ་ཚོགས་ལ་ཕྱིར་མིག་ཅིག་བལྟས་ནས་བཤད་ན།   ཆང་ནི་ཕུང་བྱེད་ཅིག   ཆང་ནི་སྨྱོ་བྱེད་ཅིག   ཆང་ནི་གཤེད་མ་ཅིག  ཆང་ནི་གདོན་རྫས་ཤིག  ཆང་ནི་ཉེས་ཅན་ཞིག་ཏུ་གྱུར་འདུག    འདི་ལྟར་བསམ་ན་ང་ནི་མ་རུངས་གདུག་ཅན་གྱི་སེམས་དང་ཚོར་བ་མེད་ཀྱང་མི་མ་ཟད་མི་རིགས་ཤིག་ཕུང་བར་བྱེད་པའི་ཆང་འདི་ལ་ངོ་མ་ཤིན་ཏུ་སྡང་།   ཆང་གི་ཆང་བཅུད་རེ་རེ་མིའི་ཤ་ཁྲག་གི་སྦུབས་སུ་བཞུར་དུས།    མིའི་རིག་པ་དྭངས་མོ་མུན་ནག་གི་དོང་དུ་ལྷུང་ནས་ཚོར་བ་རབ་རིབ་ཏུ་གྱུར་ལ།   ཁྲ་ཆུང་མིག་ཟུང་དེའང་མི་འདོད་ལིང་ཏོག་གི་ནད་ཀྱིས་བསྒྲིབས་པ་ལྟར་གསལ་ལ་མི་གསལ་བར་གྱུར་ནས།   ང་རྒྱལ་དང་།  ཞེ་སྡང་།  གཏི་མུག ཁོང་ཁྲོ།   ཕྲག་དོག   གཡོ་སྒྱུ།  འདོད་ཆགས།  མ་རུང་བའི་དུག་སྣ་ཚོགས་སྲིན་པོ་ལྟ་བུའི་གདོང་དང་།  གཅན་གཟན་ལྟ་བུའི་ལུས་ལ་འཕྲོས་ནས།  རང་གི་མི་ལུས་རིན་པོ་ཆེ་འདིའི་རིན་ཐང་ཚོར་རྒྱུ་ཕར་ཞོག   སྔོན་མ་མི་བཟང་བོ་ཕྱི་ཐག་རིང་བ་ཀུན་ལ་བྱམས་པ་ཞིག་ཡིན་རུང་།   ད་ནི་ཚོར་ཤེས་མེད་པའི་ཁྱི་སྤྱང་སྨྱོན་པ་ཇི་བཞིན་གང་འདོད་དུ་གཞན་ལ་སུན་འབྱིན་བྱེད་པ་དང་།   ང་ལས་ལྷག་པ་དང་ང་ལས་གཙོ་བ་ནི་གང་ནའང་མེད་པར་སྙམ་པའི་ང་རྒྱལ་གྱི་སེམས་ཀྱིས་ཁེངས་པ།   ཤེས་རབ་ཉམས་ཆུང་བར་གྱུར་ནས་གཞན་ལ་འཐབ་པའི་ལས་ཀྱང་བྱེད་པ།  ཆེ་ཆུང་ལ་དབྱེ་བ་མེད་པར་བཀུ་བསྟི་དང་བྱམས་སྐྱོང་ནི་ལྟ་ཅི་ཐ་ན་རང་གི་ཕ་མ་ཡིན་ཡང་སྡུག་ལ་སྦྱོར་ཞིང་།    ངོ་ཚ་དང་ཁྲེལ་སྤང་ནས་འདོད་ཆགས་ཀྱི་དབང་གིས་ཆགས་སྤྱོད་ཀྱི་ལས་བགྱི་བ་མ་ཟད།  རང་གི་སྤུན་མཆེད་སྲིང་མོ་དང་ཤ་ཉེ་ཅི་རིགས་ལའང་འཛེམ་དོགས་མི་བྱེད་པ།    གསང་རྒྱ་བྱ་འོས་པའི་ཚིག་ཅིག་ཡིན་རུང་འདྲི་མི་དགོས་པར་ཡིད་ལ་གང་ཤར་སྨྲ་སྒོ་ལ་བུད་ནས་འཆད་པ་དང་།   ཕྱིས་ཀྱི་ལས་ཀ་རྣམས་ཀྱང་དལ་འགོར་བྱས་ནས་རང་གཞན་གཉིས་ལ་མི་ཕན་པ།   མི་འདོད་པའི་ནད་སྣ་ཚོགས་འབྱུང་ནས་རྐྱེན་ལམ་དུ་ཤོར་བ་སོགས་དོན་དག་མང་བོ་འབྱུང་སྲིད་པ་རེད།  
  ཆང་འཐུང་མཁན་ཞིག་ཡིན་ན།   རང་ལ་གནོད་པ་མ་ཟད།  རང་གི་བུ་རབས་ཚ་རྒྱུད་ལའང་གནོད་པ་ཡོད་ཅེས་དཔེ་གཞུང་དུ་བཤད་ཡོད།   རྒྱའི་སྙན་ངག་པ་གྲགས་ཅན་ལི་པེ་ཡིས་ཕྱི་རབས་ཀུན་གྱིས་སྨོན་པའི་སྙན་ངག་འབྲི་ནའང་།   ཆང་ལ་ཞེན་པའི་སྟབས་ཀྱིས་རང་གི་བུ་ཕྲུག་བཞི་བོ་ཡང་གླེན་པ་ཅན་ཤ་སྟག་བྱུང་བ་རེད།    རང་རེའི་སྙན་ངག་པ་དང་སྒྱུ་རྩལ་པ་མང་བོས་ཀྱང་ཇ་དང་ཆང་།  བཟང་དང་ངན་གྱི་དབྱེ་བ་མ་འཁོར་བར་ཉིན་མཚན་དུས་དྲུག་ཏུ་ཆང་ལ་ཞེན་པས་སྟབས་ཀྱིས་ད་ནི་ཆང་གིས་བརླགས་ཏེ་ད་ལྟ་ཚད་གང་འདྲར་ཐོན་ཡོད་པ་ཀུན་གྱིས་ཤེས་གསལ་རེད།  
  ང་རང་ལོ་ཆུང་ཡིན་དུས།   སྡེ་བའི་ནང་ནས་མི་ག་གེ་མོ་དེས་ཆང་འཐུང་ཚོད་མ་ཟིན་པར་ཁྲག་བསྐྱུར་ནས་ཤི་སོང་ཟེར་བ་དང་།   མི་ག་གེ་མོ་དེས་ཆང་འཐུང་ནས་ཁྱིམ་ལ་མ་ཐོན་པར་ལམ་བར་ན་གཅིག་སྐྱག་ཀྱང་ཤོར་འདུག་ཟེར་བའི་གཏམ་སྐྱོ་བོ་གང་མང་གོ་ཐུབ་ལ།   དེར་བལྟས་ན་སྡེ་བའི་ནང་དུ་ཆང་འཐུང་མཁན་མང་བ་ཤེས་ཐུབ།   གཞན་ཡང་རང་རེའི་ཡུལ་ལུང་མང་བོར་ནས་ཆང་བསྙལ་བའི་སྲོལ་ད་ལྟའི་བར་དུ་བསྲིངས་ཡོད་ལ།   ཆང་གིས་སེམས་ཅན་མང་བོའི་ཚེ་སྲོག་ལ་ཐད་ཀར་དུ་གནོད་བསྐྱལ་ཡོད་དེ།    ངས་མཐའ་འཁོར་གྱི་གྲོགས་པོ་ཚོའི་ཤ་ཉེ་སྤུན་ཟླ་དང་།  ལས་གྲོགས།  ཕ་མ་སྤུན་མཆེད།  སློབ་གྲོགས་སོགས་ཀྱི་ཚེ་སྲོག་ཀྱང་ཆང་གིས་འཕྲོག་པ་མང་བོ་བྱུང་ཡོད།  དེར་མ་ཟད་ཆང་འཐུང་ནས་ཁ་རྩོད་བྱས་ཏེ་ཁྱོད་ཤི་ང་གསོན་གྱི་ལས་བྱས་པ་ཡང་ཤིན་ཏུ་མང་ལ།   ཐ་ན་དོན་དག་ཆུང་ངུ་ལ་རྐྱེན་བྱས་ཏེ་གདོན་ངན་སུ་ཞིག་གིས་མཐའ་ལམ་ལ་དྲངས་པ་ཇི་བཞིན་ཧོལ་རྒྱུག་གིས་ལྕེབས་ནས་འཆི་ལ།   ཕ་མ་དང་བཟའ་ཚང་ཚེ་གང་སྡུག་ལ་སྦྱར་ཞིང་།  གཞོན་དུས་གསེར་གྱི་ལང་ཚོ་གསར་བ་དེའང་དེ་ལྟར་འགྱོ ད་གདུང་གི་ངང་ནས་མཇུག་རྫོགས་པ་མང་བོ་འདུག  
    དགའ་ཆོག་པ་ཞིག་ལ།   ད་ལྟ་སྔོན་ཆད་དང་བསྡུར་ན།   མི་རྣམས་ཀྱི་བསམ་བློར་ཡང་འགྱུར་ལྡོག་སྣ་ཚོགས་བྱུང་ནས་བག་མེད་དུ་ཆང་འཐུང་མཁན་ཇེ་ཉུང་དུ་གྱུར་ཡོད་ཚོད་རེད།     མི་རིགས་རེ་རེ་དང་རྒྱལ་ཁབ་རེ་རེས་ཆང་ལ་བཟུང་བའི་རྣམ་འགྱུར་དེ་གཅིག་མཐུན་ཡིན་མི་སྲིད།   ཕྱི་གླིང་བ་ཚོར་མཚོན་ན།  ཟ་མ་ཟ་ཞོར་དང་ཟོས་ཚར་རྗེས་ཆང་འཐུང་བའི་དཔེ་ཡོད་མོད།  འོན་ཀྱང་རང་རེ་ལྟར་ཆང་འཐུང་ནས་ལབ་ཆེན་པོ་རྒྱག་པ་དང་།  ཁུག་མ་ནང་གི་སྒོར་རྡོག་འགའ་བོ་ངོམས་ནས་རྫིག་རྫིག་བྱེད་པ།   ཅོག་ཙེའི་ངོས་ཐམས་ཅད་ལ་ཤེལ་དམ་གྱིས་བཀང་ནས་ངོ་སོ་ཆེན་པོ་ཞིག་བསྲུང་དགོས་པ།   ཆང་འཐུང་ནས་ཕྱིར་རང་ཁྱིམ་ལ་ཡང་ལོག་མི་ཐུབ་པར་སྲང་ལམ་ནས་འདམ་བག་ལྟ་བུར་གྱུར་བའི་ཚོད་དུ་གཏན་ནས་མི་སྣང་།  ཁོ་ཚོས་ཆང་འཐུང་བ་ནི།  དགའ་དགའ་སྤྲོ་སྤྲོས་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་ཉམས་མྱོང་བརྗེ་རེས་དང་།  སེམས་ཀྱི་ངལ་དུད་སེལ་ཆེད་ཁ་བརྡའི་ཚུལ་དུ་འཐུང་བ་ཞིག་རེད།   ཆང་འཐུང་ན་རང་གི་སྐྱོན་མི་མཐོང་བ་མ་ཟད།  བཟང་ངན་གྱི་ཤན་ཡང་མི་འབྱེད་པ་རེད།  རང་རྒྱུས་གཞན་ལ་ཤོར་བ་མ་ཟད།   རང་གིས་བསགས་པའི་ནོར་ཡང་གཞན་ལ་འཆོར་ངེས་རེད།   ཁ་ལ་དུག་ཆུ་འདི་འཐུང་ན།   དེའི་ཞོར་དུ་རྩ་ལམ་འགག་པར་བྱེད་པའི་དུ་བ་ཞིག་འཐེན་དགོས་པ་དང་།  དེར་མ་ཟད།  འདོད་པའི་སྤུ་ལོང་རྒྱས་ནས་འཆལ་གཡེམ་སྤྱོད་པ་སོགས་ཀྱི་ཉེན་ཁ་ཡང་འབྱུང་ངེས་རེད།  
    སློབ་གྲྭའི་ནང་ལ་མཚོན་ནའང་།   མི་རིགས་དེ་འདྲ་མང་བོའི་མང་ནས།  བོད་སོག་གི་སློབ་མ་རྣམས་ནི་ཆང་འཐུང་རྒྱུ་ཆེས་དགའ་མཁན་ཡིན་ལ།  དོན་དག་འདྲ་མིན་སྣ་ཚོགས་བཟོ་མཁན་ཡང་ཡིན།     ཆང་འཐུང་ནས་སློབ་གྲྭའི་སྒྲིག་ལམ་ལ་འགལ་ཏེ་སློབ་བྱོལ་བྱས་པ་མང་ལ།  རང་གི་འོད་སྟོང་ལྡན་པའི་འདུན་ལམ་བཅད་པས་མི་ཆོག    ད་དུང་དྲིན་ཆེན་ཕ་མའི་ལོ་ངོ་དུ་མའི་རྔུལ་ཆུ་དང་བརྗོད་དཀའ་བའི་དུས་བཞིའི་དཀའ་སྡུག་ཡོད་ཚད་ས་ལ་བསྲེས་ནས་རེ་བ་འབྲས་མེད་དུ་བཟོ་མཁན་མང་བོ་བྱུང་ཡོད།
    ཆང་ཅི་ཙམ་འཐུང་ན་དེའི་ཞེན་ཆགས་ནི་སྔར་ལས་ཇེ་ཆེར་འགྱུར་སྲིད་པས།  རང་གཞན་ཀུན་གྱི་བདེ་བ་དང་།   ལྷག་ཏུ་ཁྱོན་ཆུང་ས་ནས་བཤད་ན།  རང་གི་ཁྱིམ་མི་དང་བཟའ་ཚང་།   བུ་དང་བུ་མོ་ཐམས་ཅད་ལ་ཁྱིམ་ཚང་སྐྱིད་པོ་ཞིག་གི་དྲོད་ཁོལ་དང་བདེ་སྐྱིད་ལྡན་ཆེད།  ཆང་འཐུང་མཁན་ཚོས་བསམ་བློ་ཡག་པོ་བཏང་ནས་མ་རུང་སྨྱོ་ཆུ་འདི་འཐུང་རྒྱུ་མཚམས་འཇོག་རན་རེད།  ཆང་འཐུང་ན་ནད་བསྐྱེད་པ་ནི་ཅིས་ཀྱང་ཐེ་ཚོམ་གཅོད་མི་དགོས་པའི་གཏམ་བདེན་པ་ཞིག་ཏུ་སྣང་ལ།   སྨན་པ་བསྟེན་དུས་ཀྱང་སྨན་པས་རྒྱུན་དུ་ནད་པར་ཆང་ལ་འཛེམ་དགོས་ཚུལ་དང་།  དེས་མཁལ་མ་དང་མཆིན་པར་གནོད་པ་ཚབས་ཆེན་འབྱུང་ཚུལ་ཡང་ཡང་གསུང་བ་རེད།
    ཆང་གིས་ང་ཚོའི་འཚོ་བ་ལ་འདི་འདྲའིའཇིག་སྐྲག་མང་བོ་ཞིག་བསྐྱལ་བཞིན་འདུག་པས་ན།   ང་རང་གི་བསམ་ཚུལ་ནི།   ཆང་གི་ནག་ཉེས་རྗེན་པར་ཤེས་ཆེད།   ཆུང་དུས་ཀྱི་སློབ་གསོ་ནས་མགོ་བརྩམས་ན་བཟང་ཚུལ་གྱི་བསམ་ཚུལ་ཞིག་སྐྱེས་ཡོད།  ང་ཚོའི་ཁ་དཔེར་ལ།   ཡ་རབས་ཚང་ལ་ལྷ་བཟོ་གསུམ། །   མ་རབས་ཚང་ལ་ཆང་འཐུང་གསུམ་ཞེས་བཤད་སྲོལ་ཡོད།   ཡ་རབས་ཀྱི་ཁྱིམ་ཚང་ཞིག་ཡིན་ན།  ཆུང་དུས་ཀྱི་སློབ་གསོ་ཚང་མ་ཡ་རབས་ཀྱི་ལས་དང་འབྲེལ་བ་ཡོད་པ་དང་།   མ་རབས་ཀྱི་ཁྱིམ་ཚང་ཞིག་ཡིན་ན།   ནང་སྔ་ལངས་མི་བྱེད།    དགོངས་འཕྱི་ཉལ་བྱས་ནས་སྒྲིག་ལམ་མེད་པར་ཆེ་ཆུང་ལ་བརྩི་བཀུར་མེད་ཅིང་།   སུ་ཡིན་ལ་གྱོ ད་དང་ཁ་མཆུ་བྱེད་པ་སོགས་ཀྱིས་དུས་འདའ་བར་དགའ།   ཁྱིམ་བདག་ཆང་འཐུང་ན་ཞིག་ཡིན་ན།   དེའི་བུ་ཡང་ཆུ་འཐུང་ཞིག་ཏུ་འགྱུར་ཉེན་ཡོད།   རྒྱུ་མཚན་ནི་ཁྱིམ་བདག་རང་གིས་བུ་དང་བུ་མོ་སློབ་གསོར་མི་གཏོང་ལ།    འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་དུ་ཕ་མའི་གོམས་གཤིས་ངན་པ་རང་ཤུགས་ཀྱིས་བུ་དང་བུ་མོའི་རྒྱུད་ལ་ཆགས་པ་རེད།   དེའི་རྐྱེན་གྱིས་ཕ་མ་ཞིག་ཡིན་ན།   རྗེས་རབས་པ་ཤེས་རབ་ལྡན་པ་དང་།  ངང་རྒྱུད་ཕྱི་ཐག་རིང་བ།    མདུན་ལམ་ཡོད་པའི་མི་བུ་ཞིག་ཏུ་འགྱུར་ཆེད།   སྲོལ་རྒྱུན་གྱི་སློབ་གསོའི་ལྟ་བ་ལས་བརྒལ་ཏེ་ཆུང་དུས་ནས་བྱིས་པར་སློབ་གསོ་ནན་མོ་དང་རེ་བ་ལྗིད་མོ་འདོན་དགོས།   ཡིའུ་ཐེའུ་རྒྱལ་ཁབ་ལ་མཚོན་ན།  ཨ་མས་བྱིས་པ་ལོ་གཉིས་གསུམ་ལ་སླེབས་དུས་བྱིས་པར་ཁ་མདོག་གི་ངོས་འཛིན་ཚུལ་དང་།  གསལ་བྱེད་སློབ་པ།  གང་ལ་དགའ་ན་དེ་ལ་འཇུག་པར་སྐུལ་བའི་སྲོལ་ཡོད།   ཨ་རིའི་བྱིས་པ་རྣམས་ལ་མཚོན་ན།   ལོ་གཉིས་ནས་གསུམ་ལ་ཐོན་དུས།   ཁྱིམ་གྱི་གད་སྙིགས་ཕྱི་ལ་གཡུག་པ་དང་། རྩེད་ཆས་སྒྲིག་རྒྱུ་སློབ་དགོས།    ལོ་གསུམ་ནས་བཞིའི་སྐབས་སུ་སོ་བཀྲུ་བ་དང་།  མེ་ཏོག་ལ་ཆུ་ལྡུག་པ།  ཁྱི་ལ་ལྟོ་ལྡུད་རྒྱུ་སློབ་དགོས།  ལོ་བཞི་ནས་ལྔར་ཐོན་དུས།   རང་གི་མལ་ཐུབ་ལྟེབ་པ་དང་། ཁྱིམ་གྱི་ཅ་ལག་བསྒྲིགས་རྒྱུ་སློབ་དགོས།  ལོ་ལྔ་ནས་དྲུག་ལ་ཐོན་དུས་ཟས་ཅོག་གཙང་སྦྲ་བྱེད་རྒྱུ་སློབ་དགོས།  ལོ་དྲུག་ནས་བདུན་ལ་ཐོན་དུས་དཀར་ཡོལ་དང་སྣོད་ཅ་ལག་བཀྲུ་རྒྱུ་སློབ་དགོས། ལོ་བདུན་ནས་བཅུ་གཉིས་བར་དུ་ཟ་མ་སྟབས་བདེ་བཟོ་བ་དང་།  སྤྱོད་ཁང་ལ་གཙང་སྦྲ་བྱེད་པ།  ལྭ་བ་འཕྲུད་ཆས་བཀོལ་སྤྱོད་བྱེད་རྒྱུ་སོགས་རང་རྐྱ་འཕེལ་བའི་བསམ་གཞིགས་ཀྱི་ནུས་པ་ཡོད་པར་སྦྱོང་བརྡར་བྱེད་དུ་འཇུག་པ་རེད།   དེ་ལྟར་ནར་སོན་པའི་གོ་རིམ་ཁྲོད་ཚང་མ་གོམས་ལོབས་དང་རྒྱུན་འབྱམས་སུ་སོང་ནས།   ཁོར་ཡུག་བཟང་བོ་ཞིག་ཆགས་པ་མ་ཟད།  ཚད་ལྡན་གྱི་མི་ཞིག་ཏུའང་གྱུར་བ་རེད།    ཆུང་དུས་ནི་བསམ་བློའི་ཐོག་ཤུགས་རྐྱེན་ཐེབས་སླ་བ་དང་སེམས་ངོ་ནས་བྱ་དངོས་དང་ལེན་བྱེད་སླ་བའི་དུས་སྐབས་ཡིན་པས།  ཕ་མ་དང་དགེ་རྒན་གྱིས་བཤད་པའི་སྐད་ཆ་དག་ནི་བློ་ནས་ནམ་ཡང་བརྗེད་དཀའ་ལ།  ཕ་མ་དང་དགེ་རྒན་རྣམས་ཀྱིས་ངེས་པར་སློབ་གསོ་གཏོང་བ་ནི་འགན་འཁྲི་རླབས་ཆེན་ཞིག་ཏུ་བརྩིས་ཏེ།   ཡ་རབས་གཤིས་ལུགས་ཀྱི་གོམས་སྲོལ་སློབ་པ་དང་།   མ་རབས་ཀྱི་ལས་སུ་འཇུག་མི་རུང་བ་དང་དེའི་ནག་ཉེས་སོགས་བརྗོད་ནས་སློབ་གསོ་བཏང་ན་ཕན་ཐོགས་ངེས་ཅན་ཐོན་ངེས་རེད།   ཡིན་ནའང་དེ་དང་དེ་བཞིན་དུ་ཐོག་མར་ཕ་མ་དང་དགེ་རྒན་རང་གི་བསམ་བློའི་གོ་རྟོགས་དང་བྱང་ཚད་མཐོ་རུ་གཏོང་རྒྱུ་ནི་གནད་ཀྱི་དམ་པ་ཡིན།   གཞན་ལ་ཆུ་དམ་བུ་གང་སྟེར་ན་རང་ལ་མ་མཐའ་ཡང་ཆུ་ཟོ་གང་དགོས་པའི་གནས་ལུགས་ལྟར་རང་ཉིད་ཚད་ལྡན་བྱུང་ན་གཞན་གྱིས་ཀྱང་བསྟེན་སླ་བ་རེད།  
    དོན་དག་གང་མང་ཞིག་ལ་བསམ་བློ་གཏོང་བཞིན་ང་ནི་གཞུང་ལས་ཁང་དུ་ཅི་ལྟར་ཐོན་པའང་མ་ཤེས་ལ། ལྷག་ཏུ་ནམ་ཟླ་འཁྱགས་པོ་འདིས་ངའི་སེམས་ལ་བཟོད་དཀའ་བའི་ན་ཟུག་ཅིག་སྦྱིན་བྱུང་།    བསམ་ཞིང་བསམ་ན།  ཆང་གིས་ང་ཚོ་ལ་ངེས་པར་དུ་ཁ་གཏོད་རན་པའི་འདྲི་ཚིག་མང་བོ་ཞིག་དྲིས་འདུག    བསམ་གཞིག་གི་བར་གླེགས་ནས་བྱུང་བའི་དྲན་པ་ཐར་ཐོག་འདི་དག་མགོ་རྔ་མི་ཚང་ལ་ཚིག་གི་སྦྱོར་བ་ཞན་ཡང་འཚོ་བའི་གནད་ལ་འཁེལ་བའི་བརྗོད་བྱ་ཞིག་ཡིན་པར་བློམ་ནས་རང་གཞན་ཀུན་ལ་ཕན་པའི་གཏམ་ཏུ་ཤར་མར་སྨྲས་པ་ལགས་སོ། །