དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> གསོ་རིག་གཞུང་ལུགས།
སྐར་རྩིས་རིག་པའི་འབྱུང་ཁུངས་རགས་ཙམ་གླེང་བ།
རྩོམ་པ་པོ། ངག་དབང་ཀུན་མཁྱེན། དུས་ཚོད། 2013-04-10 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 144

        སྤྱིར་བཏང་མིའི་རིགས་ནི་རང་བྱུང་གི་ཁོར་ཡུག་དང་བར་སྣང་གི་རྒྱུ་སྐར་སོགས་ལ་རང་བཞིན་གྱིས་དུང་བ་ཟབ་ཅིང་ཆེས་བློ་ཐག་ཉེ་ཤོས་ཀྱི་མཐོ་རིམ་སྲོག་ཆགས་དེ་ཡིན་པས་ན། ཁོང་ཚོས་ལོ་མང་རིང་གནམ་གྱི་ཉི་ཟླ་སྐར་གསུམ་ལ་སོགས་པའི་རང་བྱུང་གི་ཆོས་ཉིད་མང་པོ་ཞིག་ལ་འདྲེས་ཤིང་གཤིབས་པའི་ཉམས་མྱོང་དང་བརྟག་ཅིང་དཔྱད་པའི་བློ་སྟོབས་སོགས་ལས་ས་ལ་དུས་བཞིའི་མངོན་རྟོགས་དར། གནམ་ལ་ཉི་ཟླ་སྐར་གསུམ་གྱི་འགྱུར་འགྲོས། བར་དུ་རླུང་བསེར་སྤྲིན་པ་སོགས་ཀྱི་རྒྱུ་ཕྱོགས་རྣམས་རིམ་གྱིས་ཤེས་རྟོགས་དང་རྒྱུས་ལོན་བྱུང་བ་ནི་མིའི་རིགས་ཀྱི་ཐུན་མོང་གི་ལོ་རྒྱུས་ཁྲོད་དུ་བྱུང་བའི་ཤེས་རིག་གི་འཕེལ་རིམ་ཞིག་རེད། འོན་ཀྱང༌། ཤེས་རིག་འདི་ལྟར་ཐོལ་བརྒལ་བྱུང་བའི་དུས་རིམ་ཁྲོད་ད་ལྟའི་མིའི་རིགས་ཀྱི་ལོ་རྒྱུས་ནི་འདི་ལྟ་བུ་ཆ་དང་དོ་མི་མཉམ་པའི་བར་སྟོང་དང་ཧེ་བག་ཅི་ཕྱིར་ཆེན་པོ་ཞིག་ཤོར་བ་ཡིན་ནམ་ཞེ་ན། དེ་ནི་སྐབས་ཐོག་གི་མི་རྣམས་ཤེས་རིག་ལ་དུང་ཞེན་ཟབ་མིན་དང་ཤེས་ཡོན་ལྡན་པའི་མི་བུ་གསོ་སྐྱོང་བྱས་ཡོད་མེད་ལ་རགས་ལས་པར་བརྗོད། འདི་ལྟ་བུའི་ལྟ་ཚུལ་ཁྲོད་ནས་ཁ་ཤས་ཤིག་གིས་བོད་ཡུལ་ནི་རིག་གནས་མ་དར་བའི་ཀླ་ཀློ་མུན་པའི་གླིང་ལྟ་བུར་ངོས་བཟུང་ཞིང༌།     ལ་ལས་བོད་རིགས་ནི་བསམ་བློ་དང་མི་གཤིས་བྲལ་བའི་དུད་འགྲོའི་གཟུགས་སུ་བལྟས་ཏེ་ཤེས་རིག་གི་དཔལ་འབར་བའི་མེ་དཔུང་ལྟ་བུ་རང་རེའི་རིག་གཞུང་གི་མགོ་ཁུངས་ཡོད་ཚད་རྒྱ་དཀར་ནག་ནས་མཆེད་པར་བརྗོད་པ་མ་ཟད། མཐའ་ན། ད་ལྟ་ང་ཚོའི་རྩ་ལམ་ན་ལྷོག་ལྷོག་ཏུ་ལྡིང་བའི་ཟུངས་ཁྲག་དྭངས་མོའི་བཞུར་རྒྱུན་གྱི་ཕུགས་ཀྱང་ཆཱང་དང་ཤཱཀྱའི་རིགས་སོགས་ལ་ཁ་བལྟས་ཏེ་ལོ་རྒྱུས་ཡིག་ཆ་འདྲ་མིན་སྤེལ་བཞིན་འདུག
        ང་ཚོ་ལྟ་ཚུལ་འདི་དག་གི་ཁ་གཏད་དུ་ལངས་ནས་དོན་དངོས་ལོ་རྒྱུས་ཀྱི་ངོ་གདོང་ལ་འཚོལ་སྙེག་བྱེད་ཡོང་དུས། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ནི་གནའ་སྔ་མོ་ཞིག་ནས་གདོད་མའི་སྤྱི་ཚོགས་ལས་ཤེས་རིག་ལྡན་པའི་དུས་སྐབས་ཤིག་ལ་བར་བརྒལ་བྱས་ཡོད་པ་ད་ལྟའི་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་ནས་ཐོན་པའི་གནའ་རྫས་རྙིང་པ་དང༌། བྲག་བརྐོས་རི་མོ། རྡོ་རིང་ངོས་ཀྱི་ཡིག་རྙིང་སོགས་ལས་གསལ་སྟོན་བྱས་ཡོད་པ་མ་ཟད། སྐབས་སུ་བབས་པའི་གནམ་རིག་སྐར་རྩིས་འདི་ཡང་གནའ་སྔ་མོ་ནས་བོད་ཁམས་སུ་དར་ཁྱབ་བྱུང་ཡོད་པ་གཉའ་ཁྲི་བཙན་པོ་སྐབས་སུ་བོད་མི་ཤེས་པ་ཅན་བཅུ་གཉིས་བྱུང་བའི་ནང་ཚན་སྐོར་ཤེས་རྩིས་མཁས་ཟེར་བ་དེས་བྱརྩིས་འདེབས་ནས་སྔ་ཕྱིའི་ལྟས་བཟུང་པ་དང༌། 《རྒྱལ་རབས་གསལ་བའི་མེ་ལོང》 ལས་བྱ་གཤེན་གྱི་དུར་འདེབས། ཆུང་གི་སྲི་མནོན། གནམ་གྱི་རྒྱུ་སྐར་ལ་ལྟ་བྱཞེས་གསལ་བར་ལྟོས་ན་སྤྱི་ལོ་འགོ་མ་བཙུགས་པའི་སྔོན་དུ་རང་རེ་བོད་ལ་གནམ་རིག་སྐར་རྩིས་དར་ཡོད་པ་མཚོན་ལ། ལྷག་པར་དུ་རྒྱུ་སྐར་ཉེར་བདུན་གྱི་མིང་སོགས་བོད་ཀྱི་སྐད་ལ་དམིགས་བསལ་གྱི་ཡོད་པ་མ་ཟད། བྲ་ཉེ་སྒྱིད་བུ་ཕོག་གསུམ་འདྲ། ཞེས་ད་ལྟའང་ཞང་སྐད་རང་སོར་གནས་ཡོད། དེ་བཞིན་དུ་གཡའ་བཟང་གམ་འབྲོག་པ་ལྷ་རྒྱལ་གྱི་སྒྲུབ་དེབ་ཟེར་བའི་ནང་བོད་ཀྱི་བཙན་པོ་པུ་དེ་གུང་རྒྱལ་གྱི་སྐབས་སུ་བྱུང་བའི་རྒན་མོ་བལ་མོ་ཟེར་བས་བྱདྲོད་རླུང་འཕེལ་དང་འདབ་རྒྱས་དུས།། ཉི་མ་བྱང་དུ་འཁྱོག་ཕྱོགས་ཟེར།། འབྲས་ལྡན་སྨིན་དང་གྲང་རླུང་འཕེལ།། ཉི་མ་ལྷོ་རུ་འགྲོས་འཁྱོག་ཟེར།།ཞེས་ཟླ་བའི་གཟུགས་དབྱིབས་ཀྱི་འགྱུར་ལྡོག་ལ་བརྟག་ནས་གཟའ་ཞག་དང་དུས་བཞི་རྩིས་པའི་ཟླ་རྩིས་ཞེས་པ་སྲོལ་བཏོད་དེ་ས་ཞིང་འདེབས་བཀོད་དང་ས་གཡོ་ཐན་པ་སོགས་རང་བྱུང་ཁམས་ཀྱི་འགྱུར་འགྲོས་མང་པོ་ཞིག་སྔ་ས་ནས་གཏན་འབེབས་བྱས་པ་སོགས་གང་ལ་བལྟས་ནའང་གནམ་རིག་སྐར་རྩིས་ནི་མཐོ་སྒང་གི་ཡུལ་གྲུར་རིང་ནས་དར་བའི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་རྣལ་མ་ཞིག་རེད།
        འོ་ན་བོད་ཀྱི་རིག་གཞུང་ལ་རྒྱ་དཀར་ནག་གི་རིག་གནས་ཀྱིས་ཤན་ཅི་ཡང་ཐེབས་མེད་དམ་ཞེ་ན། ཐོག་མར་ང་ཚོས་བརྗོད་གཞི་འདི་དང་འབྲེལ་བའི་མ་ཧ་ཙི་ནའི་ཡུལ་གྱི་སྐར་རྩིས་རིག་པའི་འཕེལ་རིམ་ལ་རོབ་ཙམ་ལྟ་བར་བྱའོ།།
        སྤྱིར་རྒྱ་ནི་ཤེས་རིག་དཔལ་ཡོན་གྱི་དར་འཕེལ་ཁྱབ་རྒྱ་ཆེ་ཞིང་དངོས་བྱུང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གཏིང་མཐའ་བྲལ་བའི་གནའ་བོའི་མི་རིགས་སྔོན་ཐོན་ཅན་ཞིག་ཡིན་པ་མ་ཟད། སྤྱི་ལོ་སྔོན་གྱི་ལོ 2000 ནས་ལོ་མགོ་སྟག་གི་འཛིན་པའི་ཉི་ཁམས་བཅུའི་སྒོ་ནས་ཉི་ཞག་རྩིས་ཚུལ་གྱི་རིག་པ་ཞིག་བྱུང་བར་གྲགས། དེ་ནས་སྤྱི་ལོ་སྔོན་གྱི་ལོ 1560 ལོའི་ནང་ཧང་རྒྱལ་རབས་ཀྱི་སྐབས་སུ་ལུག་གི་སོག་པ་དང་རུས་སྦལ་གྱི་སྟེང་དུ་བསྐོས་པའི་མཆོད་ཡོན་དང་མོ་ཡིག་ལ་ཉི་ཁམས་བཅུ་དང་ལོ་ཁམས་བཅུ་གཉིས་བསྡེབས་པའི་དྲུག་ཅུ་སྐོར་ཚན་གཅིག་གི་ཉིན་ཐོ་ད་ལྟ་ཡང་མིག་གི་མཐོང་ཡུལ་དུ་ཡོད་པར་བརྗོད། ལྷག་པར་དུ་སྤྱི་ལོ་སྔོན་གྱི་ལོ 770 ནས་བཟུང་ད་ལྟའི་བར་དུ་ལོ་ངོ་ཉིས་སྟོང་བརྒྱད་བརྒྱ་བརྒྱད་ཅུ་ལྷག་འདས་པའི་རིང་ལ་ཉིན་རེར་ཉི་ཁམས་དྲུག་ཅུ་སྐོར་བའི་ཟིན་ཐོ་བར་མ་ཆད་པར་ལག་བསྟར་དུ་འདེབས་བཞིན་པ་དང་ཁོ་ཚོས་ལོ་ཉིས་བརྒྱ་གོ་བཞིའི་ནང་ལ་ཉི་འཛིན་ཐེངས་སུམ་ཅུ་སོ་བདུན་དང་ལོ་བཅུའི་བར་ལ་ཟླ་བ་ཐེངས་དགུ་ལ་བཤོལ་འབྱུང་བའི་ཟིན་ཐོ་གཏན་འབེབས་བྱས། འདི་ལྟ་བུ་རྒྱ་ཡུལ་ཏུ་སྐར་རྩིས་རིག་པའི་རྣམ་གཞག་གནའ་སྔ་མོ་ནས་དར་ཁྱབ་བྱུང་སྟེ་མཐར་འཕེལ་རྒྱས་ཀྱི་ཡང་རྩེར་སོན་པའི་དུས་ནི་ཐང་རྒྱལ་རབས་ཀྱི་སྐབས་སུ་ཡིན། ཡོངས་གྲགས་སུ་བོད་གནའ་རབས་ཀྱི་མཁས་པ་རྣམ་པས་ཀྱང་རྒྱ་རྩིས་བོད་ལ་ཐོག་མར་དར་བའི་ལོ་ནི་སྐབས་ཐོག་འདི་སྟེ་བོད་རྒྱལ་སྲོང་བཙན་སྒམ་པོས་དྲག་པོའི་དམག་གི་སྟོབས་ཤུགས་ལ་བརྟེན་ནས་སྤྱི་ལོ641 ལྕགས་གླང་ལོ་རྒྱ་བཟའ་ཝུན་ཤིང་ཀོང་ཇོ་བག་མར་བསུས་ཤིང་ཐང་རྒྱལ་རབས་ཀྱི་རིག་པའི་གཙུག་ལག་གྱ་ནོམ་པ་བསྣམས་ཕེབས་པའི་གྲས་སུ་རྩིས་རིག་ཀྱང་ཡོད་པ་དེ་ལ་ངོས་བཟུང༌།        དེའི་རྗེས་སྤྱི་ལོ 710 ལྕགས་ཁྱི་ལོར་རྒྱ་བཟའ་ཕྱི་མ་གྱིམ་ཤིང་ཀོང་ཇོ་བོད་དུ་ཕེབས་སྐབས་རྩིས་དཔེ་མང་པོ་ཞིག་གདན་དྲངས་པས་བོད་ཀྱི་རྩིས་རིག་སྔར་ལས་ལྷག་པར་དར་ཞིང་རྒྱས་པར་བྱས་སྐད། ཡིན་ནའང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻ་དཀར་ལེའུ་ཉི་ཤུ་པར་རྒྱ་ནག་ནས་དར་བའི་གཙུག་ལག་རྩིས་རིག་གི་མཚན་ཐོ་བརྒྱ་ཙམ་བགྲངས་ཡོད་པ་དེ་དག་ལས་ད་སྐབས་ང་ཚོས་དངོས་སུ་མཐོང་རྒྱུ་ཡོད་པ་ནི་རྒྱ་བཟའི་ཀོང་ཇོ་ཁུག་མན་ངག་སྙིང་ནོར་་གཅིག་པུ་ལས་ཕལ་ཆེར་ལྷག་མེད་པ་མ་ཟད། དེ་ཡང་རྒྱ་ནག་དམངས་ཁྲོད་དུ་དར་བའི་ལོ་རྒན་དྲུག་ཅུ་དང་སྦར་སྨེ་སོགས་བསྡེབས་པའི་ཚེ་རབས་ལས་རྩིས་འབའ་ཞིག་ལས་ཐང་རྒྱལ་རབས་རྣམ་པའི་ཕོ་བྲང་ནང་འཁོར་ན་ལག་ལེན་དུ་བསྟར་བཞིན་པའི་གནམ་རིག་སྐར་རྩིས་དངོས་གནས་པ་དེ་མ་ཡིན་པ་གཞན་དྲིང་མི་འཇོག་པའི་མཁས་པ་རྣམ་དཔྱོད་དང་ལྡན་པ་འགས་དོགས་སློང་མཛད། དེར་བརྟེན། བཻ་དཀར་ལས་དྲངས་པའི་མཚན་ཐོ་བརྒྱ་ཙམ་བགྲངས་ཡོད་པ་དེ་དག་ཀྱང་རྒྱ་ནས་དར་བའི་ཧོང་ལེ་ལུགས་ཀྱི་གནམ་རིག་སྐར་རྩིས་ཀྱི་ཆ་ཕྱོགས་ཙམ་ཡང་མི་འདྲེས་པ་དཔེ་རྒྱུན་ཤིན་ཏུ་དཀོན་པའི་མཚན་བྱང་དེ་དག་ལས་གསལ་སྟོན་བྱས་པ་རེད། དཔེར་ན། མཁས་དབང་ཚེ་ཏན་ཞབས་དྲུང་གིས་བརྩམས་པའི(རྒྱ་རྩིས་གོ་དོན། ཤོག་ངོས 97 པར) བོད་དུ་བྱོན་པའི་རྒྱ་བཟའ་སྔ་ཕྱི་རྣམ་གཉིས་ཀྱིས་ཀྱང་ནག་རྩིས་སུ་གྲགས་པའི་རྒྱའི་རྩིས་ཡིག་དུ་མ་བོད་དུ་བསྒྱུར་ཡོད་ནའང༌། དེར་གཙོ་བོ་སྦར་སྨེ་ཀླུང་རྟ་ས་བདག་སོགས་ལས་གཟའ་འཛིན་གྱི་སྒྲོས་ཙམ་ཡང་མ་བྱུང་བར་སྣང་ངོ༌།།  ཞེས་དང༌།  ཡང་དེ་ཉིད་ལས། ཙི་ནའི་རྒྱལ་ཁབ་ཏུ་གཙུག་ལག་རྩིས་ལ་མཁས་པའི་སྐྱེས་མཆོག་གཞན་དྲིང་མི་འཇོག་པའི་དཔྱོད་རྩལ་དང་ལྡན་པ་རིམ་པ་རྣམས་ཀྱིས་སྐར་རྩིས་རིག་པ་ངོ་མཚར་བ་གང་ཇི་སྙེད་ཅིག་གཏན་ལ་ཕབ་ན་ཡང༌། རང་རེའི་བོད་ལ་རི་མོའི་ལག་ལེན་འགའ་ཙམ་ལས་མ་འགྱུར་བར་སྣང་བྱཞེས་པ་སོགས་ལ་བལྟས་ན། བོད་ཀྱི་བཙན་པོ་ཁྲི་ལྡེ་གཙུག་བརྟན་སྐབས་སུ་བོད་ཀྱི་གཞོན་ནུ་ཤེས་རབ་ཅན་བཞི་རྒྱ་ནག་ལ་རྩིས་སློབ་ཏུ་བཏང་བ་དང་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བོད་དུ་ཐེངས་འགར་ཕེབས་པར་གྲགས་པའི་རྩིས་ཀྱི་སློབ་དཔོན་དུ་ཧར་ནག་པོ་སོགས་ཀྱིས་དར་སྤེལ་བཏང་བའི་རྩིས་ཡང་ལོ་རྒན་དྲུག་ཅུ་དང་མ་རུ་དགྲ་གྲོགས་འཐབ་པའི་འབྱུང་རྩིས་ཁོ་ན་ཙམ་ཡིན་པར་བསམ་ལ། མ་གཞི་མིན་རྒྱལ་རབས་ནས་བཟུང་རྒྱ་ནག་ཏུ་མི་སྒེར་གྱི་ལི་ཐོའི་གཞུང་བརྩམས་ན་སྲོག་ཁྲིམས་གཅོད་པ་དང་མི་སྒེར་གྱིས་སྦྱངས་ན་མཐའ་དམག་ཏུ་རྒྱང་ཕུད་གཏོང་བ་སོགས་གོང་མའི་བཀའ་རྒྱ་ཤིན་ཏུ་དམ་པའི་གནད་ཀྱིས། བླ་སྨན་མཁྱེན་རབ་ནོར་བུས་བརྩམས་པའི (རྒྱ་རྩིས་བསམ་འཕེལ་དབང་གི་རྒྱལ་པོའི) དཔར་བྱང་དུ་ཡང༌།  ལག་ལེན་དུ་མེད་ཐབས་མེད་པའི་ཉི་ཟླ་གཟའ་འཛིན་གཙོ་བོར་བཏོན་པའི་ས་རིས་འདེབས་ཚུལ་འདི་བཞིན་རྒྱལ་ཁབ་ཀྱི་ཁྲིམས་སུ་བཅས་པ་རྒྱའི་སློབ་དཔོན་ནས་བཀའ་རྒྱ་དམ་དྲག་ཤིན་ཏུ་ཆེ་ཡང༌། རབ་འདོད་ནང་ཙམ་ནས་དད་སྦྱོར་གྱི་ཐབས་སྣ་ཚོགས་ལ་བརྟེན་ནས་ཨ་མདོ་ཁུལ་དུ་རིམ་བཞིན་འགྱུར་འདུགབྱཅེས་གསུངས་པ་ལྟར། མཉ྄ཛུའི་རིགས་ཀྱིས་རྒྱ་ནག་དབང་བསྒྱུར་བྱས་པ་ནས་བཟུང་རྒྱའི་བཀའ་རྒྱ་དམ་པོ་དེ་ཡང་རིམ་གྱིས་ལྷོད་པར་གྱུར་ཏེ། མཐར་སྤྱི་ལོ 1651 ལོར་ྋགོང་ས་ལྔ་པ་ཆེན་པོ་རྒྱ་ཡུལ་ཏུ་ཕེབས་སྐབས་རྒྱའི་ཕོ་བྲང་ནང་གི་ལོ་ཐོར་ཚར་གཉིས་ཙམ་མཐོང་བ་དང༌། ཚེས་ཀྱི་ཆད་ལྷག་དང་བཤོལ་སོགས་ཐམས་ཅད་གྲ་ནང་ཕུགས་ལུགས་ཀྱི་ཕྱག་ལེན་དང་མཐུན་པར་ཞུས་དག་འཕེར་བ་སྣང་མཛད་པ་ཁོང་གིས་བརྩམས་གནང་པའི (རྩིས་དཀར་ནག་གི་དྲིས་ལན་ཉིན་བྱེད་དབང་པོའི་སྣང་བ།) ལས་གསལ་བར་བལྟས་ན་རྒྱ་ནག་གི་ཧོང་ལེན་སྐར་རྩིས་རིག་པ་བོད་དུ་ཐོག་མར་དར་བའི་ལོ་ནི་རྒྱལ་དབང་ལྔ་པའི་སྐབས་ནས་གཞི་རྐང་ཚུགས་ཏེ། དེའི་རྗེས། སྤྱི་ལོ1087ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས《བཻ་དཀར》བརྩམས་པའི་ལོ་སུམ་ཅུ་སོ་གཉིས་ཀྱི་རྗེས་ཏེ་སྤྱི་ལོ1715ལོར་ཤོག་ལྷེ་འདའ་ཚད་མ་བརྒྱད་ཅུ་ཅན་གྱི(རྒྱ་རྩིས་ཆེན་མོ)ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དང་པོ་ཤེས་རབ་སྙིང་པོའམ་ཧོ་ཐོག་ཐུ་སོགས་མཁས་པ་ཁ་ཤས་ཀྱིས་སོག་སྐད་ནས་བོད་ཡིག་ཏུ་ཕབ་བསྒྱུར་བྱས་པ་ནས་བཟུང༌། སྐར་རྩིས་ཀྱི་ཁུངས་སུ་གཏོགས་པའི་རྒྱའི་ཧོང་ལིའི་ལུགས་དང༌། ནག་རྩིས་ཞེས་གྲགས་པའི་འབྱུང་རྩིས་ཀྱི་ལུགས་འདི་གཉིས་རང་རེའི་བོད་ཁམས་སུ་དར་ཁྱབ་རྒྱ་ཆེར་བྱུང་ཡོད་པ་དངོས་བྱུང་གི་ལོ་རྒྱུས་ཤིག་རེད།
        དེ་བཞིན་དུ་འདི་ནས་ཡར་ལ་རྩིས་པའི་མི་ལོ 2890 ལྷག་གི་སྔོན་དུ་རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ལྡན་འབྲས་དཀར་སྤུངས་པའི་གནས་སུ་སངས་རྒྱས་རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པས་འཁོར་ཟླ་བ་བཟང་པོ་གཙོ་བོའི་རྒྱལ་ཕྲན་དགུ་བཅུ་རྩ་དྲུག་གི་སྤྲུལ་པའི་སྐལ་ལྡན་གྱི་བུ་སློབ་རྣམས་ལ་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་ལེའུ་སྟོང་ཕྲག་བཅུ་གཉིས་པ་ལེགས་པར་བསྟན་པ་དང༌། དེའི་ཕྱི་ལོར་ཆོས་རྒྱལ་ཟླ་བ་བཟང་པོས་རྩ་རྒྱུད་བསྡུས་ཤིང་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་བ་མཛད། དེ་ནས་ལོ་དྲུག་བརྒྱ་དང་གཅིག་འདས་པ་ན་རིག་ལྡན་ཐོག་མ་འཇམ་དཔལ་གྲགས་པས་རྒྱུ་རྒྱུད་རྗེས་སྔགས་ཀྱི་སྡེབ་སྦྱོར་ལས་བསྡུས་པའི་མེ་ཏོག་ཕྲེང་ཅན་གྱི་སྡེབ་སྦྱོར་སྤེལ། དེ་ནས་ལོ་བརྒྱ་འདས་པ་ན་རིག་ལྡན་རྒྱལ་པོ་པད་དཀར་གྱིས་རྩ་རྒྱུད་ཀྱི་འབྲེལ་བ་དྲི་མ་མེད་པའི་འོད་མཛད། དེ་ནས་རིག་ལྡན་རྒྱལ་པོ་བཅུ་གཉིས་པ་ཁྲིར་ཕེབས་པའི་ས་མོ་ཡོས་ཀྱི་ལོ་སྟེ་འདི་ནས་ཡར་ལ་རྩིས་པའི་ལོ 935 ཡར་སྔོན་དུ་ལོ་ཙཱ་བ་རྭ་བྲ་ཙ་མོ་གསུམ་གྱིས་དུས་འཁོར་རྩ་རྒྱུད་བོད་སྐད་དུ་ཐོག་མར་བསྒྱུར། དུས་དེ་ནས་བཟུང་བྱང་ཕྱོགས་ཁ་བའི་ལྗོངས་འདིར་གསང་སྔགས་ཀྱི་རྒྱུད་དང་འབྲེལ་བའི་གནམ་རིག་སྐར་རྩིས་ཀྱི་རིག་པ་ཡར་ངོས་ཟླ་ལྟར་འཕེལ་རྒྱས་རྒྱ་ཆེར་བྱུང༌། ལྷག་པར་དུ་སྤྱི་ལོ 1425 ལོར་མཚུར་ཕུ་འཇམ་དབྱངས་དོན་གྲུབ་འོད་ཟེར་གྱིས 《རྩིས་གཞུང་ཆེན་པོ》 མཛད་ནས་མཚུར་ཕུའི་ལི་ཐོ་ཞེས་བཏོན། འཕྲིན་ལས་པ་ཕྱོགས་ལས་རྣམ་རྒྱལ་དང་དཔའ་བོ་གཙུག་ལག་ཕྲེང་བ་གཉིས་ཀྱིས་རྩིས་ཀུན་བསྡུས་པའི་འགྲེལ་བ་མཛད་པས་མཚུར་ལུགས་ཞེས་པའི་སྙན་པའི་གྲགས་པ་ས་སྟེང་ཁྱབ། དེའི་མཚུངས་སུ་ལྷོ་ཁ་ས་ཁུལ་དུ་རྩིས་རིག་མཁས་དབང་རྒྱ་མཚོ་རྣམ་གསུམ་བྱོན་ནས་རྩིས་རིག་པའི་བསྟན་པ་སྤེལ་ནས་ཕུགས་ལུགས་ཞེས་པ་བྱུང༌། ལྷག་པར་དུ་འདི་ནས་ཡར་རྩིས་པའི་ལོ་ངོ 569 སྔོན་ཏེ་རབ་བྱུང་བརྒྱད་པའི་མེ་ཡོས་ལོ་ལ་ཕུགས་པ་ལྷུན་གྲུབ་རྒྱ་མཚོ་པད་མ་དཀར་པོའི་ཞལ་ལུང་ཞེས་པའི་སྔོན་མེད་འཁྲུལ་བྲལ་གྱི་ལེགས་བཤད་འདི་བརྩམས་པ་ནས་བཟུང་སྐལ་ལྡན་གྱི་བུ་སློབ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་བྱུང་སྟེ་རྒྱུད་འཛིན་དར་ཞིང་རྒྱས་པར་མཛད་པ་རེད།
        འོན་ཀྱང༌། ད་དུང་ཡང་གནམ་རིག་སྐར་རྩིས་དང་འབྲེལ་བའི་དབྱེ་ཞིབ་ཀྱི་ཁྱབ་ཁུངས་རྒྱ་ཆེན་པོ་ཞིག་ལྷག་ཡོད་པ་ནི་གདོད་མ་ནས་རང་རེ་ཁ་བ་རི་བོའི་ཡུལ་ལྗོངས་ནས་དར་འཕེལ་བྱུང་བའི་གཡུང་དྲུང་བོན་གྱི་གཞུང་ལུགས་ཡིན།  ཡིད་ཕངས་པ་ཞིག་ལ་གཡུང་དྲུང་བོན་གྱི་རིག་གཞུང་ལ་དར་ནུབ་དང་ཆགས་འཇིག་རབ་དང་རིམ་པར་བྱུང་བའི་རྐྱེན་གྱིས་ཟབ་པ་དང་རྒྱ་ཆེ་བའི་སྐར་རྩིས་རིག་པའི་མན་ངག་མང་པོ་ཞིག་གོད་ཆག་དེའི་དབྱིངས་སུ་ཐིམ་པ་དང་གཅིག གཞན་ཡང་གནམ་རིག་སྐར་རྩིས་དེའི་ཕྱག་ལེན་དང་གདམས་ངག་མང་པོ་ཞིག་སྙན་རྒྱུད་དང་ཚིག་རྒྱུད་ཀྱི་ལམ་ནས་དམངས་ཁྲོད་དུ་གསང་བའི་བཀའ་རྒྱ་གདམས་པ་དང་གཉིས། ལྷག་པར་དུ་ཆོས་ལུགས་འཐེན་འཁྱེར་གྱི་དབང་གིས་སྔོན་བྱོན་ནང་པའི་མཁས་དབང་མང་པོ་ཞིག་གིས་དེ་ལ་དོགས་སློང་ཙམ་ཡང་མ་བྱས་པ་དང་བཅས་གསུམ་ལ་བརྟེན་ནས་གཡུང་དྲུང་བོན་གྱི་སྐར་རྩིས་རིག་པ་འདི་ད་ལྟ་འཛམ་གླིང་རྒྱལ་སྤྱིའི་རིག་གནས་ཀྱི་གར་སྟེགས་སྟེང་དུ་རང་རྐྱ་ཐུབ་པའི་རིག་གཞུང་སྒལ་ཚིགས་ཅན་ཞིག་ཏུ་ཁས་ཆེ་མིན། བདག་ལྟ་བུ་གཞུང་ལུགས་གང་ལའང་སྦྱངས་བརྩོན་བྲལ་བ་ཞིག་ལ་སྨྲ་བའི་སྤོབས་པ་བྲལ་ནའང༌། གང་ལྟར། རྒྱ་ཆེ་བའི་བརྗོད་གཞི་འདི་དང་འབྲེལ་བའི་དཔྱད་རྩོམ་ཁ་ཤས་བོན་སྒོ་ཁག་ཏུ་གསལ་བ་ལྟར་ན། རྣམ་འདྲེན་བརྒྱ་བ་མགོན་པོ་གཤེན་རབ་མི་བོ་ཆེ་ཞང་ཞུང་འོལ་མོ་ལུང་རིང་དུ་སྐུ་བལྟམས་ནས་གཤེན་ལོ་གཅིག་ལ་བུད་པའི་དུས། ཐེག་པ་དང་པོ་ཕྱཱ་གཤེན་འཆད་པར་མཛད་དེ་སྣང་སྲིད་ཀྱི་གཏོ་འབུམ་ནག་པོ། རིན་ཆེན་གྱི་ཀུན་འབུམ་ཕྲ་བོ། གཙུག་ལག་གི་དཔལ་འབུམ་པོ་གསུམ་རི་རབ་ཀྱི་རྩ་བར་གཏན་ལ་ཕབ་སྟེ་གཤེན་གྱི་ཐུགས་སྲས་བརྒྱད་ཀྱི་ནང་ཚན་ཀོང་ཚ་འཕྲུལ་བུར་གཉེར་དུ་གཏད་ནས་ད་ལྟའི་བར་དུ་མི་ལོ 15419 ཕྱིན་ཡོད་པར་བརྗོད། དེ་ནས་སྟོན་པ་གཤེན་ལོ་བཅུ་གཉིས་ཐོག་ཏུ་སའི་ལྷ་མོ་བརྟན་མས་ས་བདག་གི་ཡུལ་དུ་གདན་དྲངས་ནས། ས་བདག་གི་བོན་པོ་རྣམས་ལ་བོན་གྱི་འཁོར་ལོ་བསྐོར། ཆུ་ཕག་ནག་ཟླའི་ཉ་ལ་དཔལ་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ། དུས་འཁོར་གྱི་རྒྱུད་ལེའུ་སྟོང་ཕྲག་བརྒྱད་དང་བཅས་པ་གཏན་ལ་ཕབ་ནས་ས་བདག་གི་བོན་པོ་གསེར་ཐུབ་འོད་སྲུང་ལ་གཉེར་དུ་གཏད། དེའི་རྗེས་སྟོན་པ་མྱ་ངན་ལས་འདས་ནས་མི་ལོ 1800 ལོན་དུས་གདོང་ཚོབ་པ་མུ་ཆོ་ལྡེམ་དྲུག་གིས་རྒྱ་དང༌། བྲུ་ཤ། ཁ་ཆེ། ཨོ་རྒྱན། ཞང་ཞུང༌། བོད་སོགས་ཀྱི་ཡུལ་གྲུ་གང་སར་བཀའ་བསྟན་མང་པོརསྒྲུབ་མཛད་པ་དང་ལྷག་པར་དུ་སེམས་ཅན་རྣམས་ཀྱི་རྣམ་རྟོག་དང༌། ལས་སྤྱོད་དང་མཐུན་པར་གསུངས་པའི་མོ་རྩིས་གཏོ་དཔྱད་ལ་སོགས་པ་དར་ཞིང་རྒྱས་པར་མཛད་སྐད།