དབུ་ཤོག >> བོད་ཀྱི་རིག་གནས། >> སློབ་གསོ། >> སློབ་གསོའི་རིགས་གཞུང་།
བོད་རིགས་སློབ་མར་གྲངས་རིག་ཁྲིད་པའི་བྱ་ཐབས་འགའ་གླེང་བ།
རྩོམ་པ་པོ། ལྷ་མཚོ་རྒྱལ དུས་ཚོད། 2013-04-11 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 196

        བསླབ་གཞི་བཅོས་བསྒྱུར་གྱི་ཚ་རླབས་དགུང་དུ་འཕྱུར་བའི་དུས་འདིར། སློབ་མའི་ནུས་པ་སྐྱེད་སྲིང་དང་། ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ། “སློབ་གསོ་དགེ་ཕལ”་གྱི་འདུ་ཤེས་ཤིག་ཆགས་པར་བྱེད་པ། རྩད་ཞིབ་བྱེད་པའི་གོ་རིམ་ཁྲོད་ནས་བསམ་གཞིག་གཏོང་བ། ལྟ་ཞིབ་བྱེད་པ།གནད་དོན་འཚོལ་བ་དང་སློབ་སྦྱོང་བྱེད་པའི་སྤྲོ་སྣང་དང་རྩད་ཞིབ་བྱེད་པའི་འདུན་པ་སྐྱེད་སྲིང་བྱེད་པར་སྐུལ་བ་སོགས་གླེང་བཞིན་ཡོད། འདིར་རང་གི་ཉམས་མྱོང་ཁྲོད་ནས་ཐོབ་པའི་བོད་རིགས་སློབ་མར་གྲངས་རིག་ཁྲིད་ཐབས་འགའ་བཤད་པར་བྱ།

       དང་པོ། མཚན་ཉིད་ངེས་རྒྱུ།

       མཚན་ཉིད་ནི་རྨང་གཞི་ཡིན་ལ། མཚན་ཉིད་ངེས་རྒྱུ་ནི་སློབ་ཁྲིད་ཀྱི་དམིགས་ཡུལ་དང་གཙོ་གནད་ཡིན་ལ།དཀའ་གནད་ཀྱང་ཡིན། དེ་བས་དགེ་རྒན་སུ་དང་སུ་ཡིན་རུང་སློབ་མའི་རྒྱུད་ལ་མཚན་ཉིད་བཟང་པོ་ཞིག་ཆགས་སུ་འཇུག་རྒྱུ་ནི་གལ་འགངས་ཆེ་བ་ཞིག་རེད། དགེ་རྒན་ལ་ལས་བསམ་པར་གྲངས་རིག་ནི་རྩིས་རྒྱག་ལག་ལེན་དུ་འདེབས་པ་མ་གཏོགས་བློར་འཛིན་མི་དགོས་བསམ་བཞིན་ཡོད། དེ་ལའང་གནས་ལུགས་མེད་པ་མིན་མོད་འོན་ཀྱང་གྲངས་རིག་གི་མཚན་ཉིད་དང་ངེས་སྲོལ། སྤྱི་སྲོལ། ངེས་ལུགས། ཐག་གཅོད་བྱ་ཐབས་སོགས་ཀྱང་སྐད་ཡིག་དང་འདྲ་བར་བློར་འཛིན་དགོས། ཡིན་ནའང་བློར་འཛིན་ཕྱོགས་མི་འདྲ་སྟེ། ཕྱོགས་གཅིག་ནས་ལག་ལེན་ལ་འདེབས་པ་དང་ཕྱོགས་གཅིག་ནས་ངག་ཐོག་ནས་བློར་འདོན་ཤེས་དགོས། དེ་གཉིས་ནི་ཕན་ཚུན་ཟུང་དུ་སྦྲེལ་ནས་བཀོལ་སྤྱོད་བྱེད་ཤེས་ན་བློར་ཡོང་བའི་རྟགས་མཚན་དང་བློར་མ་ཡོང་ན་བཀོལ་སྤྱོད་བྱེད་དཀའ་བ་ལྟ་བུའི་རྟགས་མཚན་གྲུབ། ང་ཚོ་དགེ་རྒན་སུ་དང་སུ་ཡིན་རུང་རྩིས་རྒྱག་དང་གསེད་འགྲོལ་སོགས། སློབ་མའི་རིག་པའི་ཉིང་བཅུད་ལས་ཐོན་པའི་འགྲོལ་ལན་སོགས་ལ་མཐའ་གཅིག་ཏུ་དགག་ལན་སྤྲད་ན་མི་འོས། དེ་བས་དགེ་རྒན་གྱི་སྟབས་བདེ་འགྲོལ་ཐབས་ལ་ཆ་རྐྱེན་དང་འཚམ་པའི་ནང་དོན་དྲངས་ནས་སྣེ་ཁྲིད་མཛུབ་སྟོན་བྱས་ན་ཁོ་ཚོ་རང་རྒྱུད་ནས་སྤྱི་སྡོམ་བྱས་པའི་མཚན་ཉིད་ཅིག་ཆགས་ཐུབ་ལ། གྲངས་རིག་སློབ་འདོད་ཀྱི་འདུན་པའི་མྱུ་གུ་གསར་བ་ཞིག་འབུས་ངེས།

       གཉིས་པ། ལག་ལེན་ལ་འདེབས་པ།

       ཐོག་མར་འདྲི་གཞིའི་ནང་དོན་ལ་གོ་བ་ལོན་པའི་རྨང་གཞི་སྟེང་ནས་རྩད་ཞིབ་དང་དབྱེ་ཞིབ་སོགས་བྱས་ཏེ་རྩིས་རྒྱག་འདྲི་གཞི། བེད་སྤྱོད་རྩིས་གཞི། ར་སྤྲོད་རེ་རེ་བཞིན་མཚན་ཉིད་དང་སྦྲེལ་ནས་ལག་ལེན་ལ་མང་དུ་བཏབ་ནས་ཆོས་ཉིད་འཚོལ་བ་དང་བདེན་དཔང་བྱེད་པ། ར་སྤྲོད་པ་སོགས་ནི་གྲངས་རིག་ཏུ་འཇུག་པའི་ཐབས་མཆོག་ཡིན། ལག་ལེན་ཁྲོད་ནས་མཚན་ཉིད་སྲ་བརྟན་དང་རྨང་གཞི་སྲ་བརྟན། རིགས་ལམ་ཡངས་པ། ཉམས་མྱོང་སོགས་ལྡན་ངེས། དཔེར་ན་དྲང་ཐིག་གཉིས་མཉམ་འགྲོ་དང་མཚུངས་པ་ལས་གྲུ་བཞི་ནར་དབྱིབས། གྲུ་བཞི་ཁ་གང་དབྱིབས། མཉམ་འགྲོ་མཐའ་བཞི་དབྱིབས། དམིགས་གསལ་ཅན་གྱི་མཉམ་འགྲོ་མཐའ་བཞི་དབྱིབས་སོགས་དྲངས་འོང་བ་ལྟ་བུ། ཡང་མཉམ་འགྲོ་དྲང་ཐིག་གཉིས་དྲང་ཐིག་གསུམ་པས་བཅད་ཡོད་དུས་ནང་སྣོལ་ཟུར་འདྲ་མཚུངས། གནས་མཐུན་ཟུར་འདྲ་མཚུངས། མཚེས་གསབ་ཟུར་ཕན་ཚུན་གསབ་པ་བཅས་དྲངས་འོང་བ་ལྟ་བུ། ཟུར་གསུམ་མའི་ཕྱི་ཟུར་དང་ནང་ཟུར་གྱི་སྡོམ་ལས་མཐའ་བཞི་དབྱིབས་དང་མཐའ་མང་དབྱིབས་ཀྱི་ཕྱི་ཟུར་དང་ནང་ཟུར་གྱི་སྡོམ་དང་། གཏད་ཟུར་ཐིག་དང་མཐའི་རྩིས་ཐབས་རེ་རེ་བཞིན་གཅིག་ལ་གཅིག་འབྲེལ་དུ་དྲངས་འོང་བ་ལྟ་བུ། དེ་བས་ལག་ལེན་ཁྲོད་ནས་ཉམས་མྱོང་ཐོབ་སྟེ་གྲངས་རིག་པའི་རིག་གཞུང་གི་ཡན་ལག་རྒྱས་ངེས།

       གསུམ་པ། གྲངས་རིག་འཚོ་བ་དང་འབྲེལ་བ།

   ང་ཚོ་དགེ་རྒན་རྣམས་ནི་རོང་འབྲོག་ཁུལ་ནས་ཐོན་པ་ཡིན་ལ། འཚོ་བའི་ཁྲོད་ས་ཞིང་འཇལ་བ། ཆུ་རྐ་ལས་པ། རིང་ཚད་འཇལ་བ། ཁྱིམ་ཚང་གི་འགྲོ་སོང་དང་ཆ་སྙོམས་ཀྱི་ཡོང་སྒོ་བརྩི་བ། ཚོང་རྫས་ཀྱི་ཁ་གྲངས་བརྩི་བ་སོགས་ཚང་མ་ནི་གྲངས་རིག་དང་ཁ་འབྲལ་ཐབས་མེད། དེ་བས་སློབ་མ་རྣམས་ཀྱང་འཚོ་བའི་ནང་ཁྲིད་པ་དང་རིག་གཞུང་དང་འབྲེལ་ནས་འཚོ་བའི་ནང་གི་གནད་དོན་ལ་རྩད་ཞིབ་དང་བདེན་དཔང་དང་། ར་སྤྲོད་བྱེད་དུ་བཅུག་ན་སློབ་མ་རྣམས་ཀྱང་གྲངས་རིག་སློབ་འདོད་ཀྱི་སྤྲོ་བའི་མེ་ཏོག་བཞད་ངེས།

       བཞི་པ། གྲངས་རིག་སློབ་པའི་སྤྲོ་བ་འདྲེན་པ།

       སྤྱིར་གྲངས་རིག་ནི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་ནམ་ཡང་ང་ཚོ་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་ལ། སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཤིན་ཏུ་མཁོ་བའི་ཤེས་བྱ་ཞིག་ཀྱང་ཡིན་མོད། འོན་ཀྱང་ང་ཚོ་བོད་ཀྱི་སློབ་མ་མང་ཆེ་བ་ཞིག་ལ་གྲངས་རིག་སློབ་འདོད་ཀྱི་སྤྲོ་བ་ཆེན་པོ་མེད། དེའི་རྒྱུ་མཚན་ནི་གྲངས་རིག་གི་དགེ་རྒན་རྣམས་ལ་གྲངས་རིག་སློབ་པའི་སྤྲོ་བ་འདྲེན་པའི་ནུས་པ་མེད་པས། གྲངས་རིག་སློབ་པའི་སྤྲོ་བ་བསླང་རྒྱུ་ནི་ཤིན་ཏུ་གལ་ཆེ། གཅིག་ནས་གྲངས་རིག་གི་སྤྱི་འགྲོས་གསར་གཏོད་བྱེད་མཁན་རེ་རེར་ངོ་མཚར་བའི་གཏམ་རྒྱུད་རེ་ཡོད་ལ། དེ་ལས་ང་ཚོའི་འཛམ་གླིང་ཤེས་རིག་འཕེལ་རྒྱས་ལ་བཞག་པའི་བྱས་རྗེས་རེ་འདྲེན་རྒྱུ་ཡོད་པ་སོགས་སློབ་མ་རྣམས་ལ་སྤྱི་འགྲོས་ཤིག་ཁྲིད་པའི་སྔོན་དུ་དེ་དག་མདོར་བསྡུས་ནས་བཤད་པ་དང་། གཉིས་ནས་སྤྱི་ཚོགས་འཚོ་བ་དང་སྦྲེལ་ནས་སྤྱི་འགྲོས་གསལ་བཤད་བྱེད་པ་དང་ལག་ལེན་དུ་བཏབ་ན་སློབ་མ་རྣམས་དེར་ངོ་མཚར་ཞིང་མཁོ་ཆེ་བའི་དོན་སྙིང་ཤེས་ཐུབ། ཡང་ན་གྲོའི་ཕུང་བོའི་བོངས་ཆེ་ཆུང་འཇལ་ནས་རྒྱ་མ་གཏན་དུ་ཕབ་པ། ཁང་པ་སོགས་ཀྱི་གྱང་གི་བོངས་ཚད་བརྩིས་ནས་སོ་ཕག་གི་གྲངས་ཀ་གཏན་དུ་ཕབ་པ་སོགས་ཀྱི་སྤྱི་འགྲོས་དང་རིགས་ལམ་ནི་ངོ་མཚར་ཞིག་ཡིན་པས་སློབ་མ་རྣམས་ཀྱི་ཡིད་དབང་འགུག་ཐུབ་པ་ཞིག་ཡིན། དེ་ལྟར་བྱས་ན་སློབ་མའི་སྤྲོ་བ་འདྲེན་ཁོ་ཐག་ཡིན།

       ལྔ་པ། ཚོ་ཆུང་མཉམ་ལས།

       སློབ་ཁྲིད་ཁྲོད་དགེ་རྒན་གྱིས་དུས་རྒྱུན་རང་ཉིད་ཀྱི་ཁ་ལྕེ་གློག་དམར་འཁྱུག་འཁྱུག་བྱས་ནས་སློབ་མའི་བློ་རིག་གི་བུམ་པའི་ནང་ཤེས་བྱའི་སྦྲང་ཆར་འཇོག་ཇི་ཐུབ་བྱེད་པ་མ་གཏོགས། སློབ་མའི་བསམ་གཞིག་གི་ནུས་པ་དང་གོ་བ་ལོན་ཡོད་མེད་སོགས་ལ་དེ་འདྲའི་དོ་སྣང་མི་བྱེད། རྒྱུ་མཚན་ནི་རང་གི་རྒྱུ་མཚན་དང་ལུང་འདྲེན་སྐབས་སློབ་མའི་རོགས་འདེགས་སམ་ཕྱིར་ལན་འདེབས་པའི་སྣང་ཚུལ་ཙམ་ལ་ཡིད་ཆེས་བྱས་པ་དེ་ཡིན། སྤྱིར་དགེ་རྒན་སུ་དང་སུ་ཡིན་རུང་བསམ་པའི་མེ་ལོང་ངོས་ལ་བལྟས་ན་ཝ་ལེར་འཆར་བ་ནི་སློབ་མའི་ལུས་ཀྱི་བྱ་སྤྱོད། ཁ་ཡི་འགུལ་སྟངས། མིག་མདངས་ཙམ་ལས་ཀྱང་ང་ཚོས་གསལ་བོར་རྟོགས་ངེས། དེ་བས་དགེ་རྒན་གྱི་སློབ་ཁྲིད་སྣེ་ཁྲིད་དང་མཛུབ་སྟོན་གྱི་ནུས་པ་ཐོན་པར་བྱས་ཏེ་རབ་འབྲིང་ཐ་གསུམ་བསྡེབས་ནས་ཚོ་ཆུང་མཉམ་འབྲེལ་གྱིས་གནད་དོན་འཚོལ་བ་དང་ཐག་གཅོད་བྱེད་པའི་ནུས་པ་སྐྱེད་སྲིང་བྱ་དགོས།

       ཉིན་ཞིག་ངེད་འཛིན་གྲྭའི་སློབ་མ་པྲ་ཚག་ཅིག་གི་ཤོག་བུ་ཆུང་ཆུང་སྟེང་དགེ་རྒན་རྗེས་ཕྱོགས་ངས་གྲངས་རིག་མི་སློབ་ཅེས་ཡིག་འབྲུ་འགའ་བྲིས་འདུག སྐབས་དེའི་སེམས་ཀྱི་ན་ཟུག་ནི་མི་རིགས་སློབ་གསོའི་ལས་དོན་གཉེར་བའི་གྲངས་རིག་དགེ་རྒན་སུ་དང་སུ་ཡིན་རུང་ཤེས་ངེས། སློབ་མ་དེར་རྒྱུ་མཚན་གསལ་བོར་དྲིས་རྗེས་ཁོ་དང་འདྲ་བའི་པྲ་ཚག་ཅན་གྱི་སློབ་གྲོགས་བཞི་བོར་ནམ་རྒྱུན་གསབ་ཁྲིད་བྱས། སྤྱིར་བྱིས་པ་འདི་དག་སློབ་ཁྲིད་སྐབས་ཅུང་པྲ་ཚག་ཡིན་པ་མ་གཏོགས་རིག་རྟུལ་ཏག་ཏག་མ་རེད། ངས་ཐེངས་གཅིག་ལ་བཤད་རྗེས་ཁོ་ཚོར་གྲོས་མོལ་ཚུལ་དུ་གནད་དོན་འཚོལ་དུ་བཅུག བགྲོ་གླེང་ཁྲོད་ཁོ་ཚོས་ཕན་ཚུན་ལ་སྐུལ་འདེད་དང་འཕ་དམོད། རོགས་རམ་བྱེད་པ་རེད། འདི་ལས་ངའི་སྣང་ཚུལ་ཞིག་ལ་ཁོ་ཚོ་སློབ་ཁང་ནང་གི་ཁ་ཕྱོགས་ནོར་བའི་བྱིས་པ་དེ་དག་མིན་པའི་ཚོར་འདུ་དྲག་པོ་ཞིག་སྐྱེས། ཁོ་ཚོའི་གདོང་ལས་སྔར་མཐོང་མ་མྱོང་བའི་སྤྲོ་སྣང་དེ་མཐོང་། འདི་ནི་ཚོ་ཆུང་གི་ནུས་པ་ཡིན་ལ། མཉམ་ལས་མཐོར་འདེགས་ཀྱི་ནུས་པའང་ཡིན། ཡང་ཐེངས་ཤིག་དགོང་ཚོགས་སྐབས་ངས་སློབ་མ་རྣམས་ཚོ་ཆུང་བགོས་ནས་རྩིས་རྒྱག་ཏུ་བཅུག་པས་སློབ་མ་ཚོས་གྲངས་རིག་སྦྱངས་འདོད་ཀྱི་འདུན་པའི་སྒོ་འཕར་ཕྱེ་སྟེ་ང་ལ་འདྲི་རུ་ཡོང་བའང་མང་ལ་མཉམ་ལས་ཀྱི་འདུ་ཤེས་ཡང་བཟང་པོ་ཞིག་ཆགས།

       འདི་དག་བར་ཕན་ཚུན་གཅིག་ལ་གཅིག་རྟེན་དང་ཕན་ཚུན་ཤུགས་རྐྱེན་གྱི་འབྲེལ་བ་ཡོད་པས། ང་ཚོས་གོང་གི་དོན་ཚན་ལྔ་བོ་གཙོར་བཟུང་ནས་སློབ་མའི་ཕྱོགས་ཡོངས་ཀྱི་ནུས་པ་སྐྱེད་སྲིང་བྱས་ཏེ། བྱ་འགུལ་མང་དུ་སྤེལ་བ་དང་བྱ་འགུལ་ཁྲོད་གྲ་སྒྲིག་དང་ཞིབ་ཚགས་ཚོ་ཆུང་བགོས་ནས་སློབ་ཁྲིད་བྱས་ན་འཕེལ་རྒྱས་ཀྱི་ཉི་མ་ཞིག་འཆར་ངེས་ཡིན་པ་གདོན་མི་ཟའོ། །