དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> སྨན་ཁང་ངོ་སྤྲོད།
འཕེལ་རྒྱས་སུ་འགྲོ་བཞིན་པའི་མཚོ་ལྷོ་ཁུལ་བོད་སྨན་ཁང་།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-04-13 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 82


འཕེལ་རྒྱས་སུ་འགྲོ་བཞིན་པའི་མཚོ་ལྷོ་ཁུལ་བོད་སྨན་ཁང་།

       མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་ནི1980ལོར་དབུ་བཪྙེས་ཤིང་ཧ་ལམ་ལོ་འཁོར་སུམ་ཅུའི་གཟི་བརྗིད་འོད་སྟོང་འབར་བའི་བོད་ཀྱི་གསོ་རིག་བཞུད་ལམ་རིང་མོ་བརྒྱུད་ནས།  ད་ལྟ་ལས་བཟོ་བ80ཡོད་པ་ཕལ་ཆེར་རྒྱལ་ཁབ་ཀྱི་ཚད་ལྡན་གསོ་རིག་སློབ་གླིང་ནས་མཐར་ཕྱིན་ཞིང་།  ཆེད་ལས་ལག་རྩལ་མི་སྣ46ཡོད་ཅིང་།  78%ཟིན་པ་དང་།  སློབ་གྲྭ་ཆེན་མོ་དང་ཆེད་སྦྱོང་ཡན་ཆད་ཀྱི་སློབ་རྟགས་ཅན48ཡོད་ཅིང་།  85%ཟིན་པ་སོགས་བོད་སྨན་ཁང་འདིའི་རྐང་འཛིན་སྨན་བཅོས་དཔུང་སྡེ་ཆེན་པོ་ཞིག་ཏུ་གྲུབ་པས།  རྒྱ་ཆེ་བའི་རོང་འབྲོག་པ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་ཅིང་།  གསོ་རིག་སྨན་བཅོས་ཀྱི་འབྲས་བུ་གཡུར་དུ་ཟ་བའི་ཆ་རྐྱེན་ལེགས་པོའི་འོག་ཏུ།  འབུམ་རམས་གཞོན་པ་ཡན་གྱི་སྨན་པ་བཅུ་གཉིས་དང་།  རབ་འབྱམས་པ་བཅོ་བརྒྱད།  བཀའ་བཅུ་བ་བཅུ་དྲུག་སོགས་སྨན་པའི་དཔུང་ཁག་གིས་ཀུན་སློང་ཡག་པོས་བླ་མེད་ཞབས་འདེགས་དང་།  བྱམས་བརྩེ་འབུམ་ཕྲག་ལྡན་པའི་ལྷག་བསམ་གྱིས་ནད་བཅོས་བྱས་པས།  ལོ་རེར་སྒོ་བསྟེན་ནད་པ69600དང་།  ཞག་སྡོད་ནད་པ1200ལྷག  སྤྱིའི་ཡོང་སྒོ་དམངས་སྒོར་ས་ཡ་བརྒྱད་ལ་སླེབས།   སྨན་ཁང་གི་ཕྱོགས་བསྡུས་ཞག་སྡོད་ཐོག་ཁང་ཆེན་མོའི་ཁོང་ནད་ཚན་ཁག་ལ་མལ་ཁྲི་ཆིག་བརྒྱ་དང་བརྒྱད།  བདུད་རྩི་སྨན་ལུམས་ཚན་ཁག་ལ་མལ་ཁྲི་ཉེར་བཞི་ཙམ་ལས་མེད་མོད།  ཡུལ་ཕྱོགས་སོ་སོའི་ནད་པ་རྣམས་ཀྱིས་སྨན་ཁང་འདིར་སྨན་བཅོས་བྱེད་བཞིན་མཆིས་ཤིང་། ཞག་སྡོད་མལ་ཁྲི་ཡང་མི་འདང་པར་གྱུར་ནས། བདུད་རྩི་སྨན་ལུམས་ཚན་ཁག་ལ་མཚོན་ན་ནད་པ་རྣམས་སྨན་ལུམས་དུ་འདུག་ན་ཟླ་བ་འགའི་སྔོན་ལ་ཐོ་འགོད་བྱས་ན་ད་གཟོད་ཐོ་འགོད་ཀྱི་ཨང་རིམ་ལྟར་བདུད་རྩི་སྨན་ལུམས་ལ་འདུག་ཐུབ།  རྒྱུ་མཚན་ནི་མདོ་སྨད་ཙོང་ཁའི་ཡུལ་གྲུ་ཆེན་པོ་འདིར་བོད་སྨན་ཁང་འདིའི་མཚན་སྙན་གྲགས་མཐོ་ཞིང་།  ད་ལྟ་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་དང་།  སྨན་གཞུང་སློབ་ཁྲིད།  ཚན་རིག་ཞིབ་འཇུག  ནད་ཐོག་བདེ་སྲུང་། བོད་སྨན་སྡེབ་སྦྱོར་སོགས་ཕྱོགས་བསྡུས་རང་བཞིན་གྱི་བོད་སྨན་ཁང་ཆེན་པོ་ཞིག་གཞི་གཅིག་ཏུ་གྲུབ་ཡོད།
       ཁྱད་པར་དུ་དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་ནང་ལ་བོད་སྨན་ཁང་འདིར་མཚར་ལོང་ཆེན་པོ་བྱུང་སྟེ། 1990ལོར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་སྔོན་ཐོན་ཐུན་མོང་ལ་གདམས་ནས་བྱ་དགའ་ཐོབ་ཅིང་།  1994ལོར་རྒྱལ་ཡོངས་འཕྲོད་བསྟེན་སྔོན་ཐོན་ཐུན་མོང་ལ་གདམས་ནས་བྱ་དགའ་ཐོབ།  1995ལོར་རྒྱལ་ཡོངས་འཕྲོད་བསྟེན་ཁུངས་གཏོགས་སྔོན་ཐོན་ཐུན་མོང་ལ་འདེམས་ནས་བྱ་དགའ་ཐོབ། 1996ལོར་རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་རྒྱལ་ཡོངས་དཔེ་མཚོན་བོད་སྨན་ཁང་ཨང་དང་པོར་གདམས་ནས་མཚན་སྙན་གནང་པ་དང་། ལོ་དེར་རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་ཞིབ་བཤེར་རྩིས་ལེན་བྱས་ཏེ་གྲོས་འཆམས་བྱུང་། 1998ལོར་ཞིང་ཆེན་རིམ་པའི་དཔལ་ཡོན་མ་དཔེའི་སྡེ་ཁག་ཏུ་གདམས་ཤིང་། ལོ་དེར་བྲུབས་འགོག་གནོད་སྐྱོབ་བྱ་བའི་སྔོན་ཐོན་ཐུན་མོངགི་བྱ་དགའ་གནང་བ་དང་།  1999ལོར་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་།  མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྒྱལ་ཡོངས་འཕྲོད་བསྟེན་ཁུངས་གཏོགས་སྔོན་ཐོན་ཐུན་མོང་ཞེས་པའི་བྱ་དགའ་གནང་ཞིང་། བསྟུད་མར་ལོ་ངོ་བརྒྱད་རིང་ལ་ལས་ཁུངས་ཀྱི་ལོ་རེའི་བྱ་བར་ཞིབ་བསྡུར་བྱས་པའི་ཁྲོད་དུ་ཕུལ་བྱུང་དཔེ་ལེགས་ཅན་ལ་གདམས་པ་སོགས་བོད་ཀྱི་གསོ་བ་རིག་པའི་འཕྲིན་ལས་ཀྱི་གྲུབ་འབྲས་ཁྱད་པར་འཕགས། 2000ལོར་ཨང་རིམ་གཉིས་པའི་རྩེར་ཟོན་བོད་སྨན་ཁང་གི་གྲས་སུ་བཞག  2010ལོར་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བྱ་བའི་སྔོན་ཐོན་ཐུན་མོང་ལ་གདམས་ནས་བྱ་དགའ་ཐོབ་པ་མ་ཟད།  ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་འམ་བདེ་འཇགས་འཛུགས་སྐྲུན་སྔོན་ཐོན་ཐུན་མོང་ལ་གདམས་ནས་བྱ་དགའ་ཐོབ་པས།  ད་ལྟའི་བར་དུ་བོད་སྨན་ཁང་འདིར་སྒོ་བསྟེན་སྨན་བཅོས་ཚན་ཁག་དང་།  ཁོང་ནད་སྨན་བཅོས་ཚན་ཁག  སྨན་ལུམས་སྨན་བཅོས་ཚན་ཁག  མཆིན་འཕྲིས་ཚན་ཁག  དཔྱད་བཅོས་ཚན་ཁག  མོ་ནད་ཚན་ཁག  སྨན་སྦྱོར་ཚན་ཁག  སྨན་བཟོ་ཚན་ཁག  རྫས་འགྱུར་ཞིབ་བཤེར་ཚན་ཁག  Xའཕྲོ་འོད་ཁང་། སྙིང་རིས་དཔྱད་ཆས། Bསྒྲ་བརྒལ་དཔྱད་ཆས།  ཕོ་ཤེལ་དཔྱད་ཆས། རང་འགུལ་སྐྱེ་འགྱུར་དཔྱད་ཆས་སོགས་ཚན་རིག་རང་བཞིན་གྱི་དཔྱད་ཆས་སྣ་ཚོགས་འཛོམས་ཤིང་། ཁྱད་པར་དུ་བོད་ཀྱི་གསོ་བ་རིག་པའི་ཁྱད་ཆས་ལྡན་པའི་ཚན་རིག་ལག་རྩལ་ལག་ལེན་དུ་བསྟར་ཏེ།  གཏར་བསྲེག་དུགས་ལུམས་བྱུག་པ་སོགས་ལས་བདུད་རྩི་སྨན་ལུམས་དང་།  བཅིངས་ལུམས།  དུ་ལུམས།  ཚ་དུགས། འབའ་དུགས། རྡོ་དུགས་སོགས་ཀྱི་བཅོས་ཐབས།  བསྲེག་བཅོས།  མེ་བུམ།  རྭ་འཇིབ།  གསེར་དངུལ་ཟངས་ལྕགས་སོགས་ལས་གྲུབ་པའི་ཏེལ་བ།  སྣུམ་བྱུག  བསྐུ་མཉེ།  གཏར་ཁ་སྣ་ཚོགས་སོགས་བོད་ཀྱི་གསོ་བ་རིག་པའི་བཅོས་ཐབས་ལག་ལེན་དང་ཉམས་མྱོང་ཕུན་སུམ་ཚོགས་ཤིང་།  ནད་གཞི་སྣ་ཚོགས་གསོ་བཅོས་བྱེད་པར་ཕན་འབྲས་ཆེན་པོ་ཐོན།  སྨན་ཁང་གི་ཁོར་ཡུག་དང་གཙང་དག་སོགས་ཀྱང་ཧ་ཅང་ལེགས་པས།  སྨན་ཁང་གི་འཁྱམ་ར་ཆེན་པོའི་དབུས་ཕྱོགས་སུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་། བོད་ཀྱི་གསོ་བ་རིག་པའི་ཁྱད་ཆས་མངོན་པར་མཚོན་པའི་སངས་རྒྱས་སྨན་པའི་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོའི་ཐང་སྐུ་ཆེན་མོ་ལྷིང་ངེར་བཞེངས་ཡོད་ལ།  དེའི་མཐའ་འཁོར་དུ་བཟོ་བཀོད་ཁྱད་དུ་འཕགས་ཤིང་གསེར་འོད་ལམ་ལམ་འཁྱུག་པའི་མ་ནི་འཁོར་ཁང་ཆེན་མོ་ཞིག་ཀྱང་ལྷིང་ངེར་བཞེངས་ཡོད་པས་གང་ཟག་སེམས་ཅན་ཀུན་གྱི་འདྲེན་བྱེད་དབང་བོའི་གསེས་སུ་གྱུར་ཞིང་།  འཁོར་ཁང་གི་མཐའ་འཁོར་དུ་དུས་རྒྱུན་དུ་སྨན་ཁང་དེར་ཞག་སྡོད་སྨན་གསོ་བྱེད་བཞིན་པའི་ནད་པ་དང་ནད་མ།  བཙུན་པ་དང་བཙུན་མ།  རྒན་པ་དང་བྱིས་པ།  ཡང་ན་གོས་དཀར་སྐུ་ལ་གྱོན་པའི་ལྷ་ཡི་ཕོ་ཉ་རྣམས་ཀྱིས་ཀྱང་ཁོམ་སྐབས་རེ་བཙལ་ནས།  གཅིག་རྗེས་གཉིས་འབྲེང་གིས་ཆོས་འཁོར་སྐོར་བཞིན་མཆོག་གསུམ་སྐྱབས་སུ་བཟུང་ཞིང་།  མ་གྱུར་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་དམིགས་ཏེ།  བློ་སེམས་རྩེ་གཅིག་གིས་དགེ་བའི་ལས་ལ་འབད་བཞིན་མཆིས་སོ།།