དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> དེང་རབས་རྩོམ་རིག
ཞི་བདེ་ཉི་མའི་སྙན་ངག་འདམས་བཀོད།
རྩོམ་པ་པོ། མི་གསལ ། དུས་ཚོད། 2013-04-13 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 153

ངས་འདི་ལྟར་བསམ་བཞིན་ཡོད།

ཁྱོད་ཀྱིས་བག་ཡོད་ངང་རང་གི་གནས་མལ་ནས་སྒྲོན་མེ་སྦར་རོགས།
ཉི་ཟླ་འཁོར་བའི་དུས་སྐལ་ཡོད་ཚད་ནི་ཧ་ཅང་དོན་དངོས་ཤིག་རེད།


ལོ་ཟླ་རིང་མོའི་སེམས་གཅོང་ཁྲོད།
ཡིད་ཚིམ་པའི་ཀུ་ཅོ་ཁ་ཤས་བཏོན་པ།
ཉི་ནུབ་དང་ཉི་ཤར་གྱི་རླུང་ཡན་ཁྲོད།
ལྷ་ཚོགས་ཀྱིས་ང་ལ་བདེན་དཔང་བྱེད་སྲིད་ལ།
སེམས་གཅོང་ཞི་ནས་གཞས་གཏོང་བའི་སྟ་གོན་ལ་ཞུགས་པའང་།
རི་བོ་འདིས་ང་ལ་བདེན་པའི་དཔལ་འབར་སྒྲོན་ངེས།


སྤྱིར་དེ་ལྟར་གླེང་བའི་མོད་ལ།
དབྱར་ཟླ་ལྔ་བ་ནི་འདི་ལྟར་འདས་ནའང་།
ང་ལ་བཞག་པའི་ཚ་གདུང་ནི་ཧ་ཅང་ཉམས་མངའ་བ་ཞིག་རེད།


གཙང་ཆུ་སྔར་ལྟར་རྒྱུན་འཇམ་ངང་བཞུར།
སྒྲ་དབྱངས་དེས་གསང་སྟབས་ངང་ང་ལ་ཁུ་སིམ་བྱིན།
ཡབ་ཆེན་ཚོའི་འཇོན་ཐང་ཇི་དགར་གླེང་བཞིན།
འོད་སྟོང་གི་ཉི་ཟེར་འོག 
ང་ཚོས་ཕན་ཚུན་ལ་སྙིང་ཉེ་བའི་བཟོ་ལྟ་སྟོན།
ང་ཚོས་ལྷ་རྔའི་ཕྱི་ནང་སྲུང་བཞིན་སྙིང་ཉེ་བས་འཚོ།
་་་ ་་་ ་་་


ལོ་ངོ་ཤིན་ཏུ་མང་པོའི་ཕ་རོལ་ནས།
གྲེ་འགྱུར་བདེ་མོ་དག་སྔས་འགྲམ་གང་མང་ལ་རྒྱུ་ཞིང་།
ངས་མྱུ་ཀུ་འཆང་སྟེ་རླུང་མ་ལྡང་བའི་ཡར་སྔོན་ལ་བསམ་བློ་བཏངས།
ཤོག་ལྷེ་རེ་རེ་ཡི་ཟབ་ཚད་རིམ་བཞིན་མཇལ་དུས།
ཟུངས་ཁྲག་དྲོན་མོའི་ཟབ་ཚད་ཀྱིས་ང་ཚོར་ཤེས་རྟོགས་བྱིན།
ངས་གླུ་བླངས་པའི་གོ་རིམ་མཐའ་དག
འགྲུལ་བཞུད་པ་ཚོ་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་རེད།


རི་བོ་འདི་སྔར་བཞིན་ང་ལ་གལ་འགངས་ཆེ།
རི་བོ་འདིའི་མཁས་མཛངས་ནི་སྔར་བཞིན་ངའི་གླེང་གཞི་ཡིན།
དུས་ཚོད་ཤིན་ཏུ་རྫོབ་ནའང་།
ང་ཚོའི་ནམ་མཁའ་ནི་སྔར་མུས་སུ་ཡངས།
དེ་ལ་དོགས་པ་དང་སུན་སྣང་མེད་པར།
སྤྲིན་པའི་གས་སྲིབ་ལས་བུད་དེ་ཕ་གཞིས་ལ་ཡང་ཡང་བལྟས།


ངས་ཕ་ཡུལ་གྱི་ཞོགས་པ་ནས་སྨྱུག་གུ་འཆང་སྟེ།
ལོ་ལེགས་ཀྱི་གསེར་མདོག་ཁྲོད་མཆོད་བསྟོད་འཚོལ་དུས།
སྤྲིན་པ་ཐར་ཐོར་གང་དགར་འཕྱོ་བ་ནི།
ས་ཆེན་འདིའི་ཐུན་མོང་མ་ཡིན་པའི་་སྟོབས་ཤུགས་རེད།


ད་ནི་ཡུལ་མི་ཚོས་རྒྱན་གོས་གྱོན་ཞིང་།
ངས་ཀྱང་ལྷམ་གྱོན་དེ།
རང་ཉིད་ཀྱི་གཙང་བོའི་འགྲམ།
རང་ཉིད་ཀྱི་ཆུ་བོར་ཧུབ་གང་འཐུང་བ་ནི།
ཐང་ཆད་པའི་ཁ་གསབ་དང་དགོས་མཁོ་རེད།
 

ལོ་ལེགས་ཀྱི་རྗེས་ཤུལ་དུ།
ལྷ་རྔས་བདེ་སྐྱིད་འདྲེན་པའི་ཀུ་ཅོ་ཡང་ཡང་འདོན།
སྐྱེས་པ་ཚོའི་ཕྲག་ཞེང་ནི་ལམ་ཆེན་ལྟར།
བབ་བརླིང་གིས་འགུལ་ཞིང་།
ཉི་མ་ལྟར་གཉེན་ཉེ་ཚོའི་ལུས་ཟུངས་ཁྲོད་བཞུར།


དངོས་ནས་དེ་འདྲ་རེད།
ལྷམ་གྱོན་པའི་ང་ནི་ཅི་འདྲའི་མཛེས་པ་ལ།
ངས་ནམ་ཡང་འདི་ལྟར་བསམ་བཞིན་ཡོད།
2009.9.1ཉིན་བྲིས།


ངང་བ་སེར་བོ། 

ལྷོ་རུ་འཕུར་དགོས་པའི་ཕོ་ཉ་འདི་ལྟར་ཐོན་སོང་བ་དང༌། 
དུས་ཚིགས་ཀྱི་དབུགས་རྒྱུ་སེར་བོའང་འདི་ལྟར་ལྡང་མགོ་བརྩམས། 
འདམ་གཞུང་དེར་མེ་ཏོག་གི་ལང་ཚོ་ཉོ་བའི་སྐུ་མགྲོན་སླེབས་སོང༌།
ཉི་འོད་དང་རྫ་ཆུ་འཚེར་བའི་འདམ་གཞུང་ནས། 
སྤྲིན་པ་དུམ་བུར་གཅོད་པའི་འུར་རྡོ་དཀར་བོས། 
ངང་བ་སེར་བོའི་བག་ཡངས་ཀྱི་འཆར་སྣང་དཀྲིགས་སོང༌། 
ད་ནི་རྫ་ཆུའི་ཕ་རོལ་གྱི་སྤྲིན་པ་བསམ་བཞིན། 
འདམ་གཞུང་སྐྱིད་པོར་དགུན་ལྗོངས་ཀྱི་རྟགས་མཚན་ཞིག་འཇོག་དགོས་བྱུང༌།


འདི་ལྟར་ངང་བ་སེར་བོ་འཕུར་དགོས་བྱུང༌། 
ལྷོ་རུ་འཕུར་བའི་མཁས་མཛངས་ཀྱི་བསྟར་ཕྲེང་ཤར་མོས། 
རི་འགྲམ་དེར་ནམ་ཡང་སྐྱོ་གདུང་བཞག་ལ། 
འདམ་གཞུང་དེར་ནམ་ཡང་བསམ་གཞིགས་སྤུངས།


མཁའ་དབྱིངས་ལ་གྲིབ་བརྙན་ཕབ་པའི་དགོང་དྲོ་དེར། 
འདམ་རྩྭའི་ཁེར་ཞེན་གྱི་རྨི་ལམ་ངོགས་སུ། 
རྡོ་དང་གྲང་ལྷགས་ཀྱི་སྨྲ་བརྗོད་གཉོམ་པོ་ལྷུང་། 
སྐར་ཚོགས་དང་རྫ་ཆུ་འདར་བའི་བྲང་ཁོངས་སུ།
ངང་བ་སེར་བོའི་མགྲིན་སྙན་དྲོན་མོ་བཙལ།


འདམ་གཞུང་གི་མེ་ཏོག་ལ་གནས་ཚང་ཡོད་པ་ཇི་བཞིན། 
ངང་བ་སེར་བོའི་མཛའ་གླུ་རིང་མོ། 
ཆུ་ཕྲན་མང་བོའི་བགོ་སྐལ་དང་འདྲ་བར།
དུས་ཚོད་ཅིག་གི་དགོས་མཁོ་ལྟར་ཞི་འཇགས་ལ་འགྲོ་དགོས་བྱུང༌།
འཕུར་ཟིན་པའི་ཤུལ་དུ་སྐྱོ་གདུང་བཏུང་བའི་བྲག་ཐེམ་གྱི་ས་སྲོད་དམར་བོ། 
ནགས་ཚལ་མེད་པའི་ལོ་ཟླ་ཞིག་གི་ཕམ་ཁ་གསོ་བའི།
ཕོ་རོག་ཁ་ཤས་ཀྱི་སྙིང་གཏམ་དང་མཚུངས་པར། 
འདམ་གཞུང་ལ་དྲག་ཆས་མེད་པའི་གདུག་རྩུབ་ཕྲན་བུ་བཞག
འཕུར་དགོས་པའི་གཤོག་རྩལ་བརྟན་པོ། 
དུས་ཚོད་གང་མང་ཞིག་གི་རམ་འདེགས་ཡིན་ཟེར་ཡང༌། 
རྡོ་དང་རྫ་ཆུའི་སྔ་རོལ་དུ།
སྐྱ་རེངས་དང་གཤོག་རྩལ་འཐབ་པའི་བསམ་བློ་བཞུར་མྱོང་ཞིང༌། 
ཁུ་བྱུག་དང་མཆོད་བསྟོད་ཀྱིས་ས་ཆེན་ཀྱང་བསྲེགས་མྱོང༌།


ངང་བ་སེར་བོ་འདི་ལྟར་འཕུར་དགོས་བྱུང་ནའང༌། 
ཁོའི་གཤོག་སྣེ་ལ་ཆགས་ཞེན་མཐུག་པས། 
འདམ་གཞུང་གི་བསླུ་བྲིད་དོག་པོས། 
བར་སྣང་གི་མིག་རྒྱང་ལ་དབྱེན་དཀྲུག་བཏང་བ། 
ཉི་མ་དང་ལྷ་ཚོགས་ཀྱིས་བདེན་དཔང་བྱེད་མི་སྲིད།
ཞེད་སྣང་ཞིག་གམ་གྲག་འགུལ་ཞིག་གི་འཕོ་འགྱུར་གྱིས། 
ངང་བ་སེར་བོ་འདི་ལྟར་འཕུར་སོང་བ་དང༌། 
འདམ་གཞུང་སྐྱ་བོ་འདི་ལྟར་ལུས་སོང༌།