དབུ་ཤོག >> བོད་ཀྱི་རིག་གནས། >> དཔེ་གཟིགས། >> དཔེ་དེབ་འཕྲིན་གསར།
མེ་སྟོན་གྱི《བྱང་སེམས་གབ་པའི་འགྲེལ་པ》ཞེས་པའི་དཔེ་རྙིང་ཞིག་རྙེད་པ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། སྒྲོལ་མ་ལྷ་མཚོ། དུས་ཚོད། 2013-04-13 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས། 103

       

       《བྱང་སེམས་གབ་པའི་འགྲེལ་པ》ཞེས་པའི་ཤོག་ལྡེབ36ཡོད་པའི་ཕྱག་བྲིས་མའི་དཔེ་ཆ་རྙིང་བ་ཞིག་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་ལགས་ཀྱིས་སྤྱི་ལོ2000ལོར་བལ་པོའི་ཁོངས་གཏོགས་ཀྱི་གློ་བའི་ས་གནས་ཀླུ་བྲག་ཅེས་པར་སྔོན་དཀར་རུ་གྲུབ་དབང་བསྟན་འཛིན་རིན་ཆེན་གྱི་དངོས་སློབ་བསྟན་འཛིན་ཉི་མ་མཆོག་གིས་བཞེངས་པའི་ལྷ་ཁང་རྙིང་པ་ཞིག་གི་ནང་དུ་རྙེད་སོན་བྱུང་བ་རེད།
       དཔེ་རྙིང་འདི་ནི་དུས་རབས་བཅུ་གཅིག་བའི་ནང་དུ་བྱོན་པའི་མཁས་གྲུབ་ཆེན་མོ་མེ་སྟོན་ཤེས་རབ་འོད་ཟེར(སྤྱི་ལོ1058ནས་སྤྱི་ལོ1132)གྱིས་མཛད་པ་དང་། འདི་ནི་དེ་སྔར་པར་སྐྲུན་བྱས་པའི་བོན་གྱི་བཀའ་བརྟེན་དང་དེ་འབྲེལ་གྱི་དཀར་ཆག་སོགས་གང་དུ་ཡང་འཁོད་མེད་པའི་དཔེ་དཀོན་ཞིག་རེད།
       དེའི་ནང་དོན་གཙོ་བོ་བཀའ་ལུང་ལྟར་འགྲེལ་ན། ཡེ་ནས་མ་སྐྱེས་པས་དུས་གསུམ་དུ་སྐྱེ་བར་མི་འགྱུར་བས་ན་བྱང་དང་། རོལ་བའི་རྩལ་རྒྱུན་ཆད་མི་སྲིད་པས་དང་མི་འཆི་བས་ན་ཆུབ། དེ་ལྟར་རྟོགས་ན་གཉིས་སུ་མེད་པའི་དོན་ལས་མི་གཡོ་བར་རྩེ་གཅིག་ཏུ་སེམས་གནས་པས་ན་སེམས་གཉིས་སུ་མེད་པ། དེ་ནི་རྟོགས་པར་དཀའ་ཞིང་རིག་པར་དཀོན་པས་ན་གབ་པ། གབ་པ་དེ་ཉིད་ཀྱི་དབུ་འཇུག་ལས་སོགས་ཁྱད་པར་ཀུན་ཏུ་དོན་ལུང་དགུ་དང་སྐབས་དགུ་ཡི་སྐོར་ནས་བྱང་ཆུབ་ཀྱི་སེམས་ལ་སྐྱེ་འགག་གཉིས་མེད་ཀྱི་དོན་གནས་པ་མངོན་དུ་སྟོན་པས་ན་དགུ་སྐོར་ཞེས་བརྗོད་ཅིང་། མདོར་ན་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་སོགས་སྟོན་པའི་བོན་སྡེ་ཤིན་ཏུ་ཟབ་པའི་འགྲེལ་པ་ཞིག་ཡིན་ཞིང་། ད་རུང་དེ་ཡི་འགྲེལ་པར་གཡས་རུའི་སྟོན་པ་བཅོ་བརྒྱད་ལ་སོགས་རྒྱ་ཆེར་བཀོད་ཡོད་པ་རེད།
       《བྱང་སེམས་གབ་པའི་འགྲེལ་པ》ཞེས་པའི་མཛད་པ་པོ་མེ་སྟོན་ཤེས་རབ་འོད་ཟེར་མཆོག་ཡིན་ལ། ཁོང་ནི་ཡུལ་ཡར་འབྲོག་སྟག་ལུང་ར་བ་རུ་ཡབ་གཡུང་དྲུང་གཉན་དང་ཡུམ་གུར་ཟ་དར་རེས་གཉིས་ཀྱི་སྲས་སུ་སྤྱི་ལོ1058ལོར་འཁྲུངས་ཤིང་། རྗེ་བཙུན་དཔའི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་པ་དང་། དགུང་གྲངས28ཐོག་འུ་ཡུག་ཡོན་པོ་རུ་བྱོན་ནས་གཙང་གཙུག་གི་སྡོམ་པ་བཞེས། དེ་རྗེས་བྲུ་སྟོན་དང་རྗེ་བཙུན་རྣམ་གཉིས་ཀྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། བླ་མ་དགོངས་མཛོད་རི་ཁྲོད་ཆེན་པོ་གཙོ་བོར་བསྟེན་ནས་ཨ་སྙན་རྫོགས་གསུམ་གྱི་གདམས་ཁྲིད་མ་ལག་དང་བཅས་པ་ཞུས་ནས་དགོངས་རྟོགས་ཀྱི་ཉམས་ལེན་ལྷག་ཏུ་འབར་ནས་མཁས་གྲུབ་གཉིས་ལྡན་གྱི་གྲགས་པ་རབ་ཏུ་འབར། རྗེས་འཇུག་བུ་སློབ་ཀྱི་ཆེད་དུ་བཀའ་བརྟེན་སྡེ་ལྔ་སོགས་གསུངས་པོད་མང་དུ་མཛད། མཐར་སྤྱི་ལོ1132ལོར་སྐུ་མི་རྟག་པའི་ཚུལ་བསྟན་ཏེ་དགོངས་པ་བོན་དབྱིངས་སུ་གཟིགས་སོ།།