དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
མངལ་ཆགས་པའི་རྒྱུ་དང་སྦྲུམ་མའི་ཟས་སྤྱོད་བསྟེན་ཐབས།
རྩོམ་པ་པོ། བན་དེ་ཚེ་རིང་། དུས་ཚོད། 2013-04-18 རྩོམ་ཁུངས། མཚོ་སྔོན་འཇིགས་མེད་བོད་སྨན། ཀློག་གྲངས། 240

    དང་པོ་མངལ་ཆགས་པའི་རྒྱུ་བཤད་པ་ལ།  རང་ཅག་བོད་ལུགས་གསོ་རིག་གི་གཞུང་ལུགས་ལྟར་ན་མངལ་ཆགས་པའི་རྒྱུ་གཙོ་བོ་ནི་ཁུ་ཁྲག་སེམས་གསུམ་དེ་ཡིན།  གཞུང་དུ་དང་པོ་ཕ་མའི་ཁུ་ཁྲག་སྐྱོན་མེད་པ། །    རྣམ་ཤེས་ལས་དང་ཉོན་མོངས་ཀྱིས་བསྐུལ་ནས།  །  འབྱུང་ལྔ་ཚོགས་པ་མངལ་དུ་ཆགས་པའི་རྒྱུ་ཅེས་གསུངས།  ཕ་ཡི་ཁུ་བ་སྟེ་ལུས་ཀྱི་ཟུངས་བདུན་གྱི་དྭངས་མ་དཀར་ལྕི་མངར་བའི་ས་བོན་དང་།  མའི་ཁྲག་སྟེ་ཟླ་མཚན་ལས་ཕྱེས་པའི་སྙིགས་མའི་དྭངས་མ་རི་བོང་གི་ཁྲག་དང་འདྲ་བ་གཉིས་ལ།  སེམས་སམ་ཀུན་གཞིའི་རྣམ་ཤེས་གསལ་ཞིང་རིག་པ་དེ་ཉིད་དགེ་སྡིག་གི་ལས་དང་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་སྟེ།  མ་རིག་དུག་གསུམ་གྱི་སྟོབས་དང་ནུས་པས་ཕ་མའི་ཁུ་ཁྲག་དང་གཞི་གཅིག་ཏུ་འདུས།  ལས་ཞེས་པ་ནི་ཧ་ཅང་མཐུ་ནུས་ལྡན་པ་ཞིག་རེད།  གཞུང་དུ་ལས་མ་འཛོམས་ན་རྣམ་ཤེས་མི་འཇུག་ཅེས་གསུངས་ཡོད།  དེ་ནི་ཕམ་མ་གཉིས་དང་མངལ་ཆགས་ཀྱི་སེམས་ཅན་བར་དུ་བསོད་ནམས་ཀྱི་ཚོགས་དང་དགེ་སྡིག་གི་ལས་ཏེ།  སྐྱེ་བ་སྔ་ཕྱི་དང་ཚེ་འདིའི་ལས་སོགས་ཕན་ཚུན་གྱི་ལས་དབང་མཐུན་པ་མིན་ཚེ།  ཡང་སྙིང་རྣམ་ཤེས་དེ་ཉིད་ཕ་མའི་ཁུ་ཁྲག་ཁམས་ལ་ཞུགས་མི་ཐུབ།  གཞུང་དུ་ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། ཞེས་གསུངས་ཡོད།  དེའི་ཕྱིར། ཁུ་ཁྲག་སེམས་གསུམ་གཞི་གཅིག་ཏུ་འདུས་པ་ལ་ལས་ཉོན་གྱིས་བསྐུལ་ནས་མངལ་ཆགས་པ་ཡིན་ནོ།།  

    གཉིས་པ་མངལ་ཆགས་པའི་རྐྱེན་བཤད་པ་ལ་འབྱུང་བ་ལྔ་བོ་ཡིན་ཏེ།  ས་ཆུ་མེ་རླུང་ནམ་མཁའ་ལས་སྲ་ཞིང་འཐས་པ་ས།  བརླན་ཞིང་གཤེར་བ་ཆུ།  ཚ་ཞིང་བསྲེག་པ་མེ།  ཡང་ཞིང་གཡོ་བ་རླུང་།  ནམ་མཁས་གོ་ཕྱེས་ཤིང་ཀུན་ཁྱབ་བོ། །  ཕྱིའི་འབྱུང་བ་ལྔ་དང་ནང་གི་ལུས་གཉིས་ཀྱི་བར་དུ་དེ་བྱུང་འབྲེལ་གྲུབ་པ་ཡིན་ཏེ།  མངལ་ཆགས་ལུས་ཀྱི་བད་ཀན་གྱི་ཆ་རྣམས་འབྱུང་བ་ས་ཆུས་བསྐྱེད་པ་དང་།  མཁྲིས་པའི་ཆ་རྣམས་འབྱུང་བ་མེས་བསྐྱེད་པ།  ནང་གི་དབུགས་ཀྱི་ཆ་རྣམས་འབྱུང་བ་རླུང་གིས་བསྐྱེད་པ།  ནམ་མཁའ་ཀུན་ཏུ་འཇུག    འབྱུང་བའི་ལུས་གཟུགས་ལ་བྱེད་ནུས་ཀྱང་ཐོན་ཡོད་དེ།  སས་ལུས་གཟུགས་ཆགས་པའམ་གྲུབ་པར་བྱེད།   ཆུས་གཞི་གཅིག་ཏུ་སྡུད་པའམ་འཛིན་པ།  མེས་དོན་སྣོད་སོགས་སྨིན་པར་བྱེད།  རླུང་གིས་ཆེར་རྒྱས་པའམ་འཕེལ་བ། ནམ་མཁས་འཕེལ་བའི་གོ་ཕྱེས་པའོ།།  དེ་བས་ཕྱིའི་འབྱུང་བ་ལྔ་ལ་བསྟེན་ནས་ནང་གི་ལུས་གཟུགས་ཆེར་བསྐྱེད་པ་ཡིན།  གཞུང་ལས། འབྱུང་བ་ལྔ་ལྡན་ཟས་ཀྱི་ཡོན་ཏན་གྱིས། ། ལུས་ཀྱི་འབྱུང་བ་ལྔ་བོར་རྒྱས་པར་བྱེད།། ཅེས་གསུངས་ལ་ཕྱི་རོལ་ཇི་བཞིན་ནང་ཇི་བཞིན་ཏུ་འགྱུར་བའོ། །  

གསུམ་པ་ཟས་སྤྱོད་ཀྱི་ལེགས་ཉེས་བཤད་པ་ལ།མངལ་མ་བཟུང་བའི་སྔོན་དུ་སྤྱོད་པའི་ཕ་མའི་ཟས་སྤྱོད་ནི་སྔོན་འགྲོ་ལྟ་བུ་ཡིན་ཏེ།  གཞུང་དུ་ཁུ་བ་དཀར་ལྕི་མངར་ལ་མང་བ་ཡིན་ཞེས་གསུངས།  དེ་ནི་མཚན་ཉིད་ལྡན་པ་ཞིག་ཡིན་པ་ལ་ལུས་ཀྱི་མེ་དྲོད་བསྲུང་བ་གཞི་བཅས་ཟས་རུལ་སུངས་སྔོ་ངད་རྗེན་པ་དང་ཚ་སྐྱུར་ལྟ་བུ་སྟེ།  ཆང་སྐྱུར་དང་རུལ་བསྲུང་འགོག་རྫས་ཡོད་པའི་སྐོམ་ཆུ་དང་ཟས་རིགས་སྣ་ཚོགས།  ཉལ་པོ་དང་གཉིད་ཆག་མང་དུ་མི་བྱ་བ།  དུ་བ་འཐེན་པས་རང་ཉིད་ཀྱི་ཁྲག་ཁམས་དང་དྭངས་མའི་ཁམས་སུ་དུག་ཕོག་པར་བྱེད་ལ།  མངལ་སྦྲུམ་པ་དང་མ་སྦྲུམ་གང་ལའང་གནོད་པ་ཧ་ཅང་ཆེ་བས་གཟབ་རྒྱུ་གལ།   མཁལ་མའི་དྲོད་གསོ་བ་དང་ནུས་པ་བསྲུང་བ།  ལུས་ཀྱི་ཕྱི་ནང་ཀུན་ཏུ་འཁྲུས་བྱེད་པ་སོགས་གཙང་སྦྲ་ལེགས་པོ་བྱེད་རྒྱུའོ།།  མའི་ཕྱོགས་ནས་ཀྱང་ཟས་སྐོམ་ཚུལ་བཞིན་བསྟེན་པ་དང་གཅིག    ལུས་ཀྱི་གཙང་སྦྲ་ལེགས་ཤིང་མངལ་འཇུག་བུ་གའི་གནས་ཀྱི་ནད་གྱུར་གསོ་བ་དང་ནད་མེད་བདེ་བསྲུང་གི་འདུ་ཤེས་ཤིག་ཆགས་པར་བྱེད་རྒྱུ་དང་གཉིས།  དེ་ལས་ལྡོག་ཚེ་མངལ་མི་ཆགས་པའམ་མངལ་ཆགས་ཀྱང་གཟུགས་མི་སྡུག་པར་འབྱུང་ཉེན་ཆེའོ།།

    མངལ་ཆགས་སྐབས་ཀྱི་ཟས་སྤྱོད།    ཐོག་མར་ཆགས་དུས་རྩུབ་རྣོ་ཡང་བའི་ཟས་སྐོམ་མི་བསྟེན།   དུས་མཚུངས་སུ་ལུས་ཉོབ་པ་དང་ཞེན་པ་ལོག་པ།   ཟས་མི་འདོད་པ་ཙམ་གྱིས་གང་བྱུང་དུ་སྨན་རྫས་དང་དཔྱད་ཀྱི་རིགས་བསྟེན་མི་རུང་།   སྨན་ལོག་གི་མངལ་གནས་ཕྱིར་འབུད་པའམ་གཟུགས་མི་སྡུག་པར་འགྱུར།  དེ་དུས་ཟས་སྐོམ་དྲོད་འཇམ་འཇུ་སླ་བསྟེན་ཞིང་སྤྱོད་ལམ་དྲག་ཤུལ་གྱི་ལས་མི་བྱའོ།།   བར་དུ་མངལ་གནས་ཆེར་འཕེལ་བའི་དུས་སུ་མ་དང་བུ་གཉིས་ཐེངས་རེར་གཟི་མདངས་འཕོ་བ་ཡིན་པས།  འབྱུང་བ་ལྔ་ལྡན་དྲོད་བཅུད་ཀྱི་ཟས་ཏེ་ལུག་ཤ་དང་ཉ་ཤ   འབྲི་གཡག་གི་ཤ    ཁྱིམ་བྱའི་ཤ་དང་སྒོ་ང་།   འབྲིའི་ཞོ་དང་འོ་མ།  སྔོ་ཚལ་དང་སིལ་ཏོག་སྣ་ཚོགས།   སྦྲང་དཀར་རྩམ་པ་སོགས་བསྟེན་ལ་བཅུད་མེད་ཟས་སྐོམ་ལྷོད།  མའི་སེམས་ཟས་སྐོམ་སྣ་ཚོགས་འདོད་པའི་དུས་སུ་འདོད་པའི་ཁམས་དང་བསྟུན་ཏེ་ཚ་སྐྱུར་སོགས་ཉུང་ཟས་བསྟེན་དགོས།   འདོད་པ་མ་བྱིན་པ་ཡིན་ན་མངལ་གནས་ཀྱི་སྐྱེས་འཕེལ་ལ་བཀག་བྱེད་པའང་ཡོད།   གཞུང་ལས།  སྐྱུར་ལ་དགའ་ཞིང་སྙིང་ལ་སྣ་ཚོགས་འདོད། ། དེ་བཀག་མངལ་འཇིག་གཟུགས་མི་སྡུག་པར་འགྱུར། །  དེ་བས་གནོད་པའང་ཕན་བསྲེས་ཅུང་ཟད་བྱིན། །  ཞེས་པའོ། །  སྤྱོད་ལམ་དུ་མི་ཐེག་འཁུར་དང་དྲག་ཤུལ་གྱི་ལས།   ཉལ་བོ་མི་སྤྱོད་ལ་མི་རྔུལ་བཅག   བཟོ་གྲྭ་སོགས་དུག་རྫས་ཕོག་སའི་གནས།  འདུ་འཛི་དང་ཟང་ཟིང་གི་གནས་སུ་མི་སྡོད་པའོ། །   མཐའ་མར་ཟས་སྐོམ་ཚོས་སམ་བཅུད་ལྡན་ཏེ་ངོ་བོ་ལྕི་སྣུམ་འཇ་མ་པའི་ཟས་སྐོམ་བསྟེན་ནས་རླུང་འགོ་གནོན་ལ་འདུ་བ་སྙོམས་པར་བྱེད།  རླུང་འཕེལ་བས་ནི་ཟླ་བ་ཚང་ཡང་སྐྱེས་དཀའ་བ་དང་དུས་སུ་མི་སྐྱེས་པ་ཡིན།   སྤྱོད་ལམ་ནེའུ་གསེང་དང་ལྗོན་ཤིང་བསིལ་དྲོད་སྙོམས་པའི་གནས་སུ་སྡོད་ལ།   བསྐོར་བ་སོགས་འགུལ་བསྐྱོད་དུ་མི་རྔུལ་བཅག་ནས་ལུས་སེམས་བཏང་སྙོམས་སུ་གནས་པར་བྱེད་རྒྱུའོ།།