དབུ་ཤོག >> མི་རིགས་ཆོས་ལུགས། >> དགོན་སྡེ་ངོ་སྤྲོད།
ཁམས་ཀྱི་ཧོར་དགོན་བཅུ་གསུམ་གྱི་ཡ་གྱལ་ཏེ་དཀར་མཛེས་བཀྲ་ཤིས་དར་རྒྱས་ནོར་བུའི་གླིང་།
རྩོམ་པ་པོ། མི་གསལ། དུས་ཚོད། 2013-04-18 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 234

       དཀར་མཛེས་བཀྲ་ཤིས་དར་རྒྱས་ནོར་བུའི་གླིང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་ཁོངས་སུ་མངའ་ཞིང་། དཀར་མཛེས་ཁུལ་དུ་མཆིས་པའི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་སྡེ་ཆེས་ཆེ་བ་དང་། ཁམས་ཀྱི་ཧོར་དགོན་བཅུ་གསུམ་གྱི་ཡ་གྱལ་ཡིན། ཆོས་སྡེ་འདི་ནི་སྤྱི་ལོ1662ལོར་བཞེངས་པ་དང་། ད་ལྟའི་བར་དུ་བགྲང་བྱ350ལྷག་གི་ལོ་རྒྱུས་ལྡན་པ་རེད།
      ཆོས་སྡིངས་ཆེན་པོ་འདི་དཀར་མཛེས་ཁུལ་གྱི་བྱང་ཕྱོགས་སུ་རི་ལ་བརྟེན་ནས་བཞེངས་འདུག་ཅིང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་འབུམ2ལྷག་ཟིན་ཡོད། དགོན་པའི་ནང་དུ་ཆོས་ཀྱི་བསྟན་བཅོས་དང་ལྷ་སྐུ་སོགས་རིན་ཐང་གཞལ་ཡས་པའི་རྟེན་འགངས་ཆེན་མང་པོ་ཉར་འདུག་ལ། ད་ལྟ་གྲྭ་བ400ལ་ཉེ་བ་ཡོད་པ་རེད།
      ས་སྐྱའི་གདུང་རབས་ཀྱི་དུས་སུ་ཧོར་ཞེས་པ་སོག་པོ་ལ་གོ་བ་དང་། ཧོར་དགོན་བཅུ་གསུམ་གྱི་བྱུང་ཚུལ་ཡང་སོག་པོས་བོད་ཁམས་སུ་དབང་བསྒྱུར་བ་དང་འབྲེལ་བ་དམ་པོར་ཡོད་པ་སྟེ། སོག་པོ་ཨོ་རོད་ཚོ་བཞིའི་ཡ་གྱལ་ཏེ་ཧུ་ཤོག་ཐུ་ཚོ་བའི་ཚོ་དཔོན་ཐུ་ལོ་པེ་ཧོའམ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་བྱ་བས་བོད་ལྗོངས་སུ་དབང་སྒྱུར་དུས་སུ་སྡིག་པའི་ལས་མང་བོ་བགྱིས་པས། འགྱོད་གདུང་དྲག་པོ་སྐྱེས་ཏེ་རྒྱལ་དབང་སྐུ་ཕྲེང་ལྔ་བའི་སློབ་མ་ངག་དབང་ཕུན་ཚོགས་བྱ་བ་ཁམས་ཕྱོགས་སུ་ཆོས་སྡེ་བཞེངས་སྐྲུན་བྱེད་པར་མངགས་ཤིང་། ཁོང་གིས་རྒྱལ་དབང་སྐུ་ཕྲེང་ལྔ་བའི་མདུན་ནས་ཁམས་ཀྱི་བྱང་ཕྱོགས་ཏེ་དེང་གི་སི་ཁྲོན་དཀར་མཛེས་ཁུལ་དུ་དགེ་ལུགས་པའི་དགོན་སྡེ་བཅུ་གསུམ་བཞེངས་རྒྱུའི་བྲོ་བསྐྱལ། 1655ལོར་སྡེ་དགེའི་ཡུལ་དཔོན་གྱི་རྒྱབ་སྐྱོར་འོག་ཁམས་བྱང་ཕྱོགས་ཀྱི་དགེ་ལུགས་པའི་དགོན་སྡེ་ཐོག་མ་རྫ་དགོན་གསར་བཀྲ་ཤིས་དགའ་ལྡན་ཆོས་འཕེལ་གླིང་ཞེས་པ་བཞེངས་པ་དང་། དེའི་རྗེས་སུ་དཀར་མཛེས་དང་། བྲག་མགོ་རྫོང་། རྟའུ་རྫོང་སོགས་སུ་རྫ་དགའ་ལྡན་བསམ་གྲུབ་གླིང་དང་བྲག་མགོ་དགའ་ལྡན་རྣམ་རྒྱལ་གླིང་སོགས་བུ་དགོན་བཅུ་གཉིས་བཞེངས། དགོན་སྡེ་དེ་དག་ནི་སོག་པོས་བཞེངས་པ་ཡིན་ཕྱིན་མི་རྣམས་ཀྱིས་ཧོར་དགོན་བཅུ་གསུམ་ཞེས་ནས་འབོད་པ་རེད།