དབུ་ཤོག >> མི་རིགས་ཆོས་ལུགས། >> དགོན་སྡེ་ངོ་སྤྲོད།
སི་ཁྲོན་མཛོད་དགེ་རྫོང་གི་སྟག་ཚ་དགོན་དགེ་ལྡན་བཀྲ་ཤིས་ཆོས་བཟང་གླིང་།
རྩོམ་པ་པོ། མི་གསལ། དུས་ཚོད། 2013-04-18 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 286

       སྟག་ཚ་དགོན་དགེ་ལྡན་བཀྲ་ཤིས་ཆོས་བཟང་གླིང་ནི་མཛོད་དགེ་རྫོང་གི་ཉེ་འདབས་སམ་སི་ཁྲོན་བྱང་ཕྱོགས་ཀྱི་རྩྭ་ཐང་དུ་གཞི་ཆགས་ཡོད་ཅིང་། བོད་རྒྱུད་ནང་བསྟན་དགེ་ལུགས་པའི་གྲུབ་མཐའི་དགོན་པ་ཞིག་ཡིན། བོད་ཁུལ་དུ་དགོན་པ་ནི་སངས་རྒྱས་ཆོས་ལུགས་པའི་སེམས་ཁོངས་ན་ཆེས་བླ་ན་མ་མཆིས་པའི་གོ་གནས་ཟིན་ཡོད་ཅིང་ནུས་པའང་གང་མང་ཐོན་གྱི་ཡོད།  སྟག་ཚའི་བླ་མ་སྐུ་ཕྲེང་བདུན་པས་མཚམས་སྦྱོར་བྱས་པ་ལྟར།  བོད་ཁུལ་དུ་དགོན་པ་ནི་སློབ་གྲྭ་ཡིན་པ་དང་། རིག་གནས་སློབ་སྦྱོང་བྱེད་པའི་ལྟེ་གནས་ཤིག   ཆོས་ལུགས་དད་མོས་བྱེད་པའི་གནས་མཆོག་ཏུ་ངེས།
        འདི་དགོན་པ་གཞན་དག་དང་མི་མཚུངས་ས་ཞིག་ནི་བོད་ཁུལ་ན་འགྲན་ཟླ་བྲལ་བའི་སྟག་ཚའི་དཔེ་མཛོད་གླིང་ཞིག་ཡོད། དེ་ནི་སྔོན་སྟག་ཚ་དགོན་པའི་ཆོས་ཁང་ཞིག་ཡིན། རྗེས་ནས་ཆོས་ཁང་གི་སྤྱོད་སྒོ་ཆེར་བསྐྱེད་དེ་དཔེ་མཛོད་གླིང་དུ་བསྒྱུར་ཞིང་དེར་དཔེ་གཟིགས་དང་། རིག་གཞུང་མཉམ་འབྲེལ། དེ་མིན་འགྲེམ་སྟོན་སོགས་ཀྱི་སྤྱོད་སྒོ་ལྡན་ཞིང་།  བསྒྱུར་བཅོས་འདིར་དད་ལྡན་པ་དང་རྒྱལ་ཁབ་ཕྱི་ནང་གི་མགྲོན་པོ་རྣམས་ཀྱིས་དགའ་བསུ་ཆེན་མོ་ཐོབ།
        སྟག་ཚའི་བླ་མ་སྐུ་ཕྲེང་བདུན་པས“སྔོན་སློབ་ཆེན་པའི་དགེ་རྒན་ཆེན་མོ་སོགས་ཡོང་མྱོང་སྟེ། བོད་ཀྱི་རིག་གནས་ལ་སྤྲོ་བ་རྒྱས་པའི་སིངྒ་ཕོར་གྱི་དགེ་རྒན་ཆེན་མོ་དང་།  ཏོ་ལུན་ཏོར་སློབ་ཆེན་གྱི་དགེ་རྒན་ཆེན་མོ།  ནོར་ཝེའི་དགེ་རྒན་ཆེན་མོའང་ཡོང་མྱོང་། དེ་མིན་འདིར་རྒྱལ་ཕྱིའི་སྣེ་སྐོར་བའང་གང་མང་ཡོང་གི་འདུག”ཅེས་གསུངས།

དཔེ་མཛོད་གླིང་གི་སྒོ་ཁར་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཕྱག་བྲིས་ཏེ། “བོད་ཀྱི་སྲོལ་རྒྱུན་ལ་ཁྱད་དུ་འཕགས་པའི་ཕུལ་བྱུང་གྲུབ་འབྲས་མོད་པ་དང་དེ་དག་ངེས་པར་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས།  དེའུ་མཚུངས་སུ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ཏེ་མུ་མཐུད་གསར་སྐྲུན་དང་། རང་རྟོགས་ཀྱིས་སྤུན་ཟླའི་མི་རིགས་ཀྱི་ཕུལ་བྱུང་གྲུབ་འབྲས་བསྡུ་ལེན་བྱེད་དགོས”ཞེས་བཀོད་ཡོད།    སྟག་ཚའི་བླ་མ་སྐུ་ཕྲེང་བདུན་པ་རང་ཉིད་ཀྱིས་བལྟས་ནའང་སྟག་ཚ་དཔེ་མཛོད་གླིང་གི་ཕན་ནུས་ནི་གྲུབ་མཐའ་དང་། ཆོས་ལུགས།  མི་རིགས།  ས་ཁོངས་སོགས་ལས་བརྒལ་འདུག་པར་སྙམ།
        རྒྱུས་ལོན་པ་ལྟར་ན།  སྟག་ཚ་དཔེ་མཛོད་གླིང་གིས་བསྡོམས་པས་བོད་ཡིག་དང་རྒྱའི་དཔེ་དེབ་ཁྲི་བཅུ་ལྷག་ཉར་ཚགས་བྱས་ཡོད་ཅིང་། བོད་ཡིག་དཔེ་དེབ་ཏུ་འབྲེལ་ཡོད་ཆོས་ལུགས་དང་། གསོ་རིག  རྩིས་རིག   རྣམ་ཐར་སོགས་ཀྱི་ནང་དོན་འདུས་པའི་དཔེ་དེབ་ཁྲི་ལྷག་དང་།  རྒྱའི་དཔེ་དེབ་ཏུ་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་དང་། ལོ་རྒྱུས། མཚན་ཉིད་རིག་པ།  ཚན་རྩལ།  ཆོས་ལུགས་སོགས་ཀྱི་ནང་དོན་འདུས་པའི་བརྩམས་ཆོས་ཁྲི་ལྷག་མཆིས།  དཔེ་མཛོད་གླིང་འདི་ནི་མི100ལྷག་ཤོང་བའི་ལྷིང་འཇགས་ཀྱི་དཔེ་གཟིགས་བྱེད་གནས་ལེགས་ཤོས་ཤིག་ཡིན།  
        དཔེ་མཛོད་གླིང་འདིའི་གཉིས་ཐོག་ནི་འགྲེམ་སྟོན་བྱེད་སའི་གནས་ཤིག་ཡིན་ཞིང་། རྩ་ཆེ་བའི་ལྷ་སྐུ་དང་།  ལྡེབས་རིས། ཐང་ག   ཆོས་ལུགས་ཡོ་ཆས་སོགས་ཆོས་ལུགས་རིག་དངོས་དང་རོལ་ཆས།  ལག་བཟོའི་བརྩམས་ཆོས།  འཚོ་བའི་སྤྱོད་ཆས་སོགས་འདུས།  གསུམ་ཐོག་ནི་སྟག་ཚ་དགོན་པའི་དད་ལྡན་པ་རྣམས་ཀྱིས་བོད་རྒྱུད་ནང་བསྟན་གྱི་བླ་ཆེན་རྣམས་རྗེས་དྲན་བྱེད་པའི་གནས་ཏེ།  འདུ་ཁང་གི་དབུས་སུ་རྗེ་ཡབ་སྲས་གསུམ་དང་མཐའ་འཁོར་དུ་བོད་ཀྱི་རིག་གནས་དང་ནང་བསྟན་ལ་བྱས་རྗས་ཆེན་པོ་ལྡན་པའི་བླ་ཆེན120ལྷག་བཞུགས་ཡོད།
        དེར་མ་ཟད་དཔེ་མཛོད་གླིང་གིས་བླ་ཆེན་དང་། སློབ་ཆེན་པའི་དགེ་རྒན་ཆེན་མོ་སོགས་གདན་འདྲེན་ཞུས་ཏེ་གྲྭ་བཙུན་དང་མང་ཚོགས་ལ་འཆད་ཁྲིད་བྱེད་ཅིང་།  ནང་དོན་གྱི་ཐད་ལ་ཆོས་ལུགས་དང་། ཚན་རྩལ།  ཁྲིམས་ལུགས་སོགས་ཁྱབ་ཁོངས་མང་པོ་འདུས།  སྟག་ཚའི་བླ་མ་སྐུ་ཕྲེང་བདུན་པས“སློབ་ཆེན་པའི་དགེ་རྒན་ཆེན་མོའི་ཞིབ་འཇུག་གྲུབ་འབྲས་དག་འདི་གར་ཡོང་སྟེ་འཆད་ཁྲིད་བྱེད་ཆོག་ཅིང་།  ནང་བསྟན་ལ་མི་དད་པའང་ཡོང་ཆོག  ནང་བསྟན་ལ་མི་དད་པ་དག་འདི་གར་ཡོང་མི་ནུས་ཟེར་གྱི་མེད།  གལ་སྲིད་འབྲེལ་འདྲིས་མ་བྱས་ན་དགྲ་བོར་འགྱུར་ཉམས་ཆེ་ཞིང་དོགས་པའང་གང་མང་སྐྱེས་ངེས།    ཁོང་ཚོ་ཡུལ་དངོས་ལ་སླེབས་ན་བོད་རྒྱུད་ནང་བསྟན་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སྤྲོ་བ་ཆེན་པོ་རྒྱས་ཀྱི་འདུག”ཅེས་དང“མི་རིགས་གང་ཡིན་ཡང་དད་མོས་ཤིག་ཡོད་ན་བསམ་བློའི་ཀུན་སྤྱོད་དང་མི་ཆོས་སོགས་ཀྱི་ཕྱོགས་ལ་ཕན་ནུས་ཆེས་ཆེར་ལྡན”ཞེས་གསུངས།